ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེན་མོ་འབད་འཐབ་བྱོས་ཀྲུང་ཧྭའི་བུ་བུ་མོ་ཞེས་པ་པེ་ཅིན་ནས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེན་མོ་འབད་འཐབ་བྱོས་ཀྲུང་ཧྭའི་བུ་བུ་མོ་ཞེས་པ་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་པེ་ཅིན་ནས་བསྡུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ལྟད་མོ་བ་སྟོང་བཞི་ལྷག་དང་མཉམ་དུ་འཁྲབ་སྟོན་ལ་བལྟས་ནས། མཉམ་དུ་ཀྲུང་ག་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། མཉམ་དུ་རླབས་ཆེ་བའི་མེས་རྒྱལ་གྱི་མཛེས་སྡུག་གི་མདུན་ལམ་ལ་སྨོན་འདུན་ཞུས།

མི་དམངས་ཚོགས་ཁང་ཆེན་མོའི་ཁྲི་ཤོང་ཚོམས་ཆེན་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད། ཉིས་ཐོག་གི་གཟིགས་སྟེགས་སྟེང་གི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་ཅེས་པའི་འཕྲེད་ཡིག་བཀལ་ཡོད། ཚོགས་ཁང་ཆེན་མོའི་རྒྱབ་ཡོལ་སྟེང་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་ཀྱི་རི་མོས་བརྒྱན་ནས་དགའ་སྤྲོའི་དཔལ་གྱིས་ཁེངས་ཡོད་ལ། དར་དམར་གཉིས་ཀྱི་དབྱིབས་བཀོད་གར་སྟེགས་ཀྱི་ལོགས་གཉིས་ཀྱི་བརྗིད་ལྷང་ངེར་ཡོད་པ་དང་། གུས་ལུགས་དམག་མི་སོ་དྲུག་ལག་གཉིས་སུ་ལངས་ཡོད།

དུས་ཚོད་བཅུ་དགུ་དང་སྐར་མ་ང་ལྔའི་སྟེང་། དགའ་སྤྲོའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་དལ་གྱིས་ཚོམས་ཆེན་དུ་ཕེབས་ཏེ། བློ་མཐུན་རྒན་པ་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་ནས། ཁོང་ཚོར་བླ་མེད་གུས་འདུད་ཞུས་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཅེས་པའི་བརྩོན་སེམས་ཆེར་སྐྱེད་ཀྱི་དབྱངས་རྟ་གྲགས་པ་དང་མཉམ་དུ། གླུ་གར་གྱི་སྤྲོ་ཚོགས་ཆེན་མོ་འབད་འཐབ་བྱོས་ཀྲུང་ཧྭའི་བུ་བུ་མོ་ཞེས་པ་དངོས་སུ་མགོ་བརྩམས།

དགོང་ཚོགས་དེ་འབད་འཐབ་ཅེས་པ་གཙོ་ཐིག་བྱས་ཏེ་ལེའུ་དང་པོ་ཁྲག་བཏོན་འབད་འཐབ་ཅེས་པ་དང་། ལེའུ་གཉིས་པ་དཀའ་སྤྱད་འབད་འཐབ་ཅེས་པ། ལེའུ་གསུམ་པ་མཐུན་སྒྲིལ་འབད་འཐབ་ཅེས་པ། ལེའུ་བཞི་བ་འབད་འཐབ་བྱོས་ཀྲུང་ཧྭའི་བུ་བུ་མོ་ཞེས་པ་བཅས་ཁག་བཞི་རུ་བགོས་ཡོད་ལ། གླུ་གར་ཆེན་མ་འབད་འཐབ་བྱོས་ཀྲུང་ཧྭའི་བུ་བུ་མོ་ཞེས་པའི་ཁྲོད་ནས་དགོང་ཚོགས་མཇུག་རྫོགས།

དགོང་ཚོགས་གྲོལ་སྐབས་ཚང་མ་ཡར་ལངས་ནས་མེས་རྒྱལ་ལ་བསྟོད་གླུ་འབུལ་ཞེས་པའི་གླུ་དབྱངས་བླངས་པ་དང་། ཞི་ཅིན་ཕིང་སོགས་གར་སྟེགས་སྟེང་ཕེབས་ཏེ་འཁྲབ་སྟོན་ལས་གཉེར་པ་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་ནས། འཁྲབ་སྟོན་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་སོགས་ཀྱིས་ཚང་མ་དང་མཉམ་དུ་དྲན་རྟེན་གྱི་འདྲ་པར་བསྐྱོན་པ་དང་། ཚོགས་ར་ཡོངས་སུ་ཡུན་རིང་བོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་སོགས་ཀྱིས་དགོང་ཚོགས་ལ་བལྟས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།