སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་མི་སེམས་ལ་སྐུལ་མ་ཐེབས་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་9ཚེས་27ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱལ་ཡོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་དུས་རབས་གསར་པའི་མི་རིགས་ལས་དོན་གསར་གཏོད་དང་སྐུལ་འདེད་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེར་བརྟེན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཆུད་པ་བྱས་ཏེ་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་ཐུན་མོང་ཐོག་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་བཤད་པ་རེད། 

ནང་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང“ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེ་མོ་གཅིག་ཡིན་པས་ནང་མི་ཚང་མ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས། མི་རིགས་ས་ཁུལ་གྱི་ཕྱོགས་ཡོངས་འབྱོར་འབྲིང་དང་དེང་རབས་ཅན་མེད་ན་རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་དེང་རབས་ཅན་ཡོང་མི་སྲིད”ཅེས་གསུངས་ཡོད། “སྤྱི་ཁྱབ་ཧྲུའུ་ཅིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ཐོག་མཐའ་བར་གསུམ་དུ་ཐུགས་ལ་བཅངས་ཡོད”ཅེས་ཚོགས་ཆེན་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་རྒྱུ་བྱུང་བའི་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་སྣུམ་རྩམ་སྐྱོ་མ་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་རོན་ཁྲེང་ཅང་སེམས་འགུལ་ཚད་མེད་ཐེབས་ཡོད། ཐུང་རེན་གྲོང་ཁྱེར་ཡུས་ཕིང་རྫོང་དུ་བསྐྱོད་པའི་ཏ་ལན་མི་རིགས་སློབ་ཆེན་གྱི་སྣུམ་རྩམ་སྐྱོ་མའི་འབུམ་རམས་པ་ཚོགས་པའི་འགན་ཁུར་བ་ཞིག་ཡིན་པའི་རོན་ཁྲེང་ཅང་གིས་ཝུའུ་ལིང་རི་བོའི་ཡུག་འབྲེལ་ཁུལ་གྱི་ནགས་ཁྲོད་དུ་འབད་འཐབ་ལོ་6བྱས་ཡོད། ཁོང་དང་ཚོགས་པས་ཚན་རྩལ་ལ་བརྟེན་ནས་སྣུམ་རྩམ་སྐྱོ་མའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལག་རྩལ་གྱི་དཀའ་གནད་འགག་སྒྲོལ་བྱས་པ་མ་ཟད། ད་དུང་ཝུའུ་ལིང་རི་བོའི་ཡུག་འབྲེལ་ཁུལ་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ལའང་དཔང་པོ་བྱས་ཡོད། “སྣུམ་རྩམ་སྐྱོ་མ་དེ་གྲངས་ཉུང་མི་རིགས་གཅེན་གཅུང་ཚོའི‘དཔག་བསམ་ཤིང’ལྟ་བུར་གྱུར་ཡོད། ཐོན་ལས་དར་རྒྱས་བྱུང་རྗེས་འཚོ་བའང་ལེགས་སུ་སོང་བ་དང་མི་སེམས་ཀྱང་མཐུན་པོར་འགྱུར་ཡོད”ཅེས་རོན་ཁྲེང་ཅང་གིས་བཤད་པ་རེད། 

     སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་དཀར་མཛེས་བོད་རིགས་ས་ཁུལ་གྱི་གངས་འཁྱགས་ཀྱིས་བསྡམས་པའི་སྦྲག་སྐྱེལ་ལམ་བུར་སྦྲག་སྐྱེལ་རླངས་འཁོར་བཏང་ནས་ལོ་30སོང་བའི་སྦྲག་སྲིད་ཁ་ལོ་བ་འཆི་མེད་རྡོ་རྗེར་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གི་ངོས་ནས་བརྗོད་ན། བོད་རིགས་སྤུན་ཟླའི་འཚོ་བར་འགྱུར་ལྡོག་འགྲོ་ཚུལ་མཚོན་ཤོས་ནི་ཁོང་གིས་གཏོང་བའི་སྦྲག་སྐྱེལ་རླངས་འཁོར་དེ་རེད། “དེ་གོང་། བོད་རིགས་ས་ཁུལ་དུ་སྐྱོད་པའི་སྦྲག་སྐྱེལ་རླངས་འཁོར་ནང་གི་ཅ་དངོས་མང་ཆེ་བ་ནི་ཡི་གེ་དང་ཚགས་པར་རེད། ད་ཆ་མང་ཤོས་ནི་དྲ་ཐོག་བསྐུར་མ་ཡིན་པ་མ་ཟད། རླངས་འཁོར་བསྐྱོད་ཐེངས་མང་དུ་སོང་བ་དང་དུས་ཚོད་ཐུང་དུ་སོང་ཡོད། དེ་ཐོག་ནས་ང་ཚོ་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་རུ་སོང་བ་དང་དེ་བས་ཕུན་སུམ་ཚོགས་སུ་སོང་བ་མཚོན་ཐུབ”ཅེས་ཁོང་གིས་བཤད་པ་རེད། 

     སེ་འབྲུའི་འབྲུ་གུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་དགོས། 

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང“མི་རིགས་ཁག་མཐུན་སྒྲིལ་མཉམ་འདྲེས་ཐུབ་པ་དང་ཕྱོགས་མང་པོ་གཞི་གཅིག་ཏུ་སྒྲིལ་ཐུབ་པའི་རྒྱུ་རྐྱེན་གཙོ་ནི་མི་རིགས་ཁག་གི་རིག་གནས་ཐད་མཉམ་སྡུད་མཉམ་གསོག་དང་། དཔལ་འབྱོར་ཐད་གཅིག་ལ་གཅིག་བརྟེན། བརྩེ་སེམས་ཐད་ཕན་ཚུན་སྙིང་ཉེ་བ་བཅས་ཡོད་པ་ལས་བྱུང་བ་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བརྩོན་ལེན་བྱས་པའི་ནང་གནས་སྒུལ་ཤུགས་ལས་བྱུང་བ་ཞིག་ཡིན”ཞེས་གསུངས་ཡོད། 
     “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ཉན་རྗེས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་པའི་དུང་བརྡ་ཐོས་པ་ལྟར་སྣང་། ང་ཚོས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་། ཁོང་དུ་ཡག་པོ་ཆུད་པ། དྲིལ་བསྒྲགས་ཡག་པོ་བྱེད་པ། ལག་བསྟར་ཡག་པོ་བྱེད་པ་བཅས་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་མི་རིགས་ཁག་གི་མི་དམངས་སེ་འབྲུའི་འབྲུ་གུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས”ཞེས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ཁྲའོ་ཅན་གྱིས་བཤད་པ་རེད། 

  “ང་ནི་ཁ་གཏད་བོད་སྐྱོར་དང་མི་རིགས་མཐུན་སྒྲིལ་ཆེ་མོའི་ཁྲོད་ནས་ཕན་པ་ཐོབ་མཁན་ཞིག་ཡིན། ད་ཆ་སྤྱི་ཚོགས་ལ་བཀའ་དྲིན་འཇལ་ནས་བོད་སྐྱོར་བྱ་གཞག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ལེགས་སྐྱེས་ཕྲན་བུ་འབུལ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡོད་པའང་ཚོར་བྱུང་། ངས་རང་འཁྲིའི་ལས་ཀ་མུ་མཐུད་ཡག་པོ་བསྒྲུབས་ཏེ་རྒྱ་བོད་རིག་གནས་སྤེལ་རེས་ལ་ལེགས་སྐྱེས་གསར་པ་འབུལ་རྩིས་ཡོད”ཅེས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གི་མི་སྒེར་གྱི་གཟེངས་བསྟོད་ཐོབ་མཁན་ཧུའུ་པེའི་ཝུའུ་ཧན་གདང་ལ་རྒྱ་བོད་རིག་གནས་སྤེལ་རེས་ཚད་ཡོད་ཀུང་སིའི་ཏུང་ཁྲི་ཀྲང་བསོད་ནམས་བསྟན་འཛིན་ཆོས་འཕེལ་གྱིས་བཤད་པ་རེད། 

ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་དང་ཕུགས་འདུན་གསར་པ་མཉམ་སྤྱོད་བྱེད་དགོས།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཁྲོད་ངེས་པར་དུ་མངོན་འགྱུར་བྱེད་དགོས་པའི་གཞི་རྩའི་འགན་ལེན་ཞིག་རེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འདི་ཉིད་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ཏེ་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱེད་དགོས”ཞེས་གསུངས་ཡོད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་རེན་དབྱི་ཡིས“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་། རང་རེའི་ཏང་གི་མི་རིགས་ལས་དོན་གྱི་རྩ་ཆེའི་ཉམས་མྱོང་གོ་རིམ་ལྡན་པའི་ངང་ཕྱོགས་སྡོམ་གནང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་ནི་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན་པ་གསལ་པོར་བསྟན་པ། ཀྲུང་ཧྭ་མི་རིགས་བསྟུན་མཁས་རང་བཞིན་སྔར་བས་ཆེ་བ་དང་། གོང་བུ་འགྲིལ་ཤུགས་སྔར་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་མ་གཏོང་དགོས་པའི་ནན་བཤད་གནང་བ་བཅས་ལས། ང་ཚོས་དུས་རབས་གསར་པའི་མི་རིགས་ལས་དོན་གསར་གཏོད་དང་སྐུལ་འདེད་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད”ཅེས་བཤད་པ་རེད།

     “ཀྲུང་ཧྭ་མི་རིགས་ནི་མི་རིགས་56ལས་གྲུབ་པའི་ཁྱིམ་ཚང་ཆེ་མོ་ཞིག་རེད། ཀྲུང་གོའི་ཕུགས་འདུན་ནི་མི་རིགས་56གིས་ཐུན་མོང་ཐོག་མངོན་འགྱུར་བྱེད་དགོས་པའི་རླབས་ཆེན་གྱི་ཕུགས་འདུན་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ནས། ཏ་ལིའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏོད་འཛུགས་བྱེད་སྒོ་ཡག་པོ་སྤེལ་ཏེ། མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད་དང་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་དང་ཕུགས་འདུན་མཉམ་སྤྱོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཡུན་ནན་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་མའོ་ཧྲེང་གིས་བཤད་པ་རེད། 

     “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་མི་སེམས་ལ་སྐུལ་མ་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་ལ་སྐུལ་མ་ཐེབས་ཤིང་། ང་ཚོས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏོད་འཛུགས་བྱེད་སྒོ་ཏན་ཏིག་སྤེལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཚོ་སྔོན་གྱི་ས་གཞི་ཆེ་མོར་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་དང་། ཡིད་དུ་འོང་བའི་པད་མར་གཡུར་ཟའི་འབྲས་བུ་སྨིན་པ་བྱེད་ཀྱི་ཡིན”ཞེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བཤད་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།