ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། ཟླ9པའི་ཚེས26ཉིན། ཏ་ཆིང་སྣུམ་ཞིང་རྙེད་ནས་ལོ60འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཏ་ཆིང་སྣུམ་ཞིང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པ་དང་ཁོང་ཚོའི་ཁྱིམ་མི་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ལོ་ངོ60སྔོན་ལ། ཏང་ཀྲུང་དབྱང་གིས་རྡོ་སྣུམ་རྟོག་ཞིབ་འཐབ་ཇུས་ཤར་རྒྱུད་ས་ཁུལ་དུ་སྤོ་བའི་ཇུས་ཐག་གལ་ཆེན་བཏོན་པ་དང་། རྒྱ་ཆེའི་རྡོ་སྣུམ་དང་ས་གཤིས་ལས་དོན་པས་དཀའ་བ་ཚད་མེད་སྤྱད་དེ་ཏ་ཆིང་སྣུམ་ཞིང་རྙེད་པ་དང་། ཀྲུང་གོའི་རྡོ་སྣུམ་གསར་སྤེལ་གྱི་ལོ་རྒྱུས་དཀྱོགས་མཚམས་ཤིག་གི་འགོ་བརྩམས་པ་རེད། ལོ60ཡི་རིང་ལ་ཏ་ཆིང་གི་མི་རབས་འགས་གཅིག་རྗེས་གཉིས་མཐུད་དུ་འབད་འཐབ་བྱས་ཏེ་གནའ་བོའི་ཐང་རྒོད་དུ་རང་རྒྱལ་གྱི་རྡོ་སྣུམ་ཐོན་སྐྱེད་རྟེན་གཞི་ཆེན་པོ་བསྐྲུན་ཡོད། ཏ་ཆིང་སྣུམ་ཞིང་གི་ཁྱད་དུ་འཕགས་པའི་བྱས་རྗེས་དེ་མེས་རྒྱལ་གྱི་ལོ་རྒྱུས་རྡོ་རིང་ཐོག་བརྐོས་ཡོད་པ་དང་ཏ་ཆིང་གི་སྙིང་སྟོབས་དང་ལྕགས་མིའི་སྙིང་སྟོབས་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གྱི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ཞིག་ཏུ་ལངས་ནས་ཏ་ཆིང་སྣུམ་ཞིང་གི་ལས་བྱེད་ལས་བཟོ་བ་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་ཏ་ཆིང་གི་སྙིང་སྟོབས་དང་ལྕགས་མིའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མུ་མཐུད་དུ་བསྒྱུར་བཅོས་གསར་གཏོད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དཔེ་མཚོན་གྱི་དར་ཆ་ཡག་པོ་འཛུགས་པ་དང་ལོ་ངོ་བརྒྱ་རིང་གི་སྣུམ་ཞིང་འཛུགས་སྐྲུན་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་བཤད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ཞིང་། ཏ་ཆིང་སྣུམ་ཞིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། མུ་མཐུད་དུ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་བ། སྣུམ་བརྟན་དབུགས་འཕེལ་རྒྱུན་འཁྱོངས། ཕྱི་ནང་མཉམ་སྤྱོད་མཐའ་འཁྱོངས་བྱས་ཏེ། སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་རྒྱལ་གྱི་སྣུམ་དང་རླངས་བདེ་འཇགས་དང་བརྟན་ལྷིང་ངང་མཁོ་སྤྲོད་འགན་ལེན་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱ་ཆེད་བྱས་རྗེས་དེ་བས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཏ་ཆིང་སྣུམ་ཞིང་རྙེད་ནས་ལོ་ངོ60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚེས26ཉིན་ཧེ་ལུང་ཅང་ཏ་ཆིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྒྲོག་སྦྱང་བྱས་པ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཞི་ཅིན་ཕིང་གིས་ཏ་ཆིང་སྣུམ་ཞིང་རྙེད་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།