ཟླ9བའི་ཚེས25ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཨེ་ཁྭ་ཏོར་གྱི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ལིས་ཐཱ་ཨེར་ཏུའོ་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་པེ་ཅིན་ནས་ཨེ་ཁྭ་ཏོར་གྱི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ལིས་ཐཱ་ཨེར་ཏུའོ་ལ་མཇལ་འཕྲད་གནང་།
ཝང་དབྱང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་སྲོལ་རྒྱུན་མཛའ་བརྩེ་བཟང་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཉེ་བའི་ལོ་འགའི་རིང་ལ་ཡུན་རིང་འཕེལ་རྒྱས་སུ་སོང་། སང་ལོ་ནི་ཀྲུང་གོ་དང་ཨེ་ཁྭ་ཏོར་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། ཀྲུང་གོས་དེ་གོ་སྐབས་སུ་བརྩིས་ནས། ཨེ་ཁྭ་ཏོར་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་སྤྱིའི་རྨང་གཞི་ཁོང་དུ་ཆུད་པར་བྱེད་པ། དངོས་གཉེར་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་དམ་འཛིན་བྱེད་པ། རིག་གནས་དང་སློབ་གསོ། ཚན་རྩལ། རིག་མཛོད། སྨྱན་བྱད། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨེ་ཁྭ་ཏོར་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར།
ལིས་ཐཱ་ཨེར་ཏུའོ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། ཁོས་བསྟན་དོན། ཨེ་ཁྭ་ཏོར་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་ཞུགས་པ་དང་། ཀྲུང་གོའི་བར་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཞཱ་པོ་ལུང་དང་སུའུ་ཧོས་གཉིས་མཇལ་འཕྲད་ལ་ཞུགས། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཝང་དབྱང་གིས་ཨེ་ཁྭ་ཏོར་གྱི་མགྲོན་པོར་མཇལ་འཕྲད་གནང་།