ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་དང་ཨེ་ཤ་ཡ་རྒྱལ་ཁབ་ཀྱི་གྲོས་དཔོན་གྲོས་ཚོགས་སྐབས་བཞི་བ་ཧ་སག་སི་ཐན་གྱི་རྒྱལ་ས་ནུའོ་ཨར་སུའུ་ཏན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས24ཉིན། ཡོ་རོབ་གླིང་དང་ཨེ་ཤ་ཡ་རྒྱལ་ཁབ་ཀྱི་གྲོས་དཔོན་གྲོས་ཚོགས་སྐབས་བཞི་བ་ཧ་སག་སི་ཐན་གྱི་རྒྱལ་ས་ནུའོ་ཨར་སུའུ་ཏན་ནས་ཚོགས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཡོ་རོབ་གླིང་དང་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། གྲོས་མོལ་དང་ཡིད་རྟོན། མཉམ་ལས་ལ་ཤུགས་སྣོན་པ་དང་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། གཅིག འབྲེལ་འདྲིས་དང་གྲོས་མོལ་ལ་ཤུགས་བསྣན་ནས་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། གཉིས། དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་དགོས། གསུམ། མི་གཞུང་བརྗེ་རེས་ཇེ་མང་དུ་བཏང་ནས་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་དགོས། བཞི། ཁྲིམས་འཛུགས་སྒྲིག་གཞིའི་འབྲེལ་འདྲིས་ལ་ཤུགས་བསྣན་ནས་རྒྱལ་ཁབ་འབྲེལ་བའི་འཕེལ་རྒྱས་རོགས་འདེགས་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་ནི་ཡོ་རོབ་གླིང་དང་ཨེ་ཤ་ཡའི་སྐམ་ས་ཆེན་པོའི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཡིན་པ་དང་། ཡོ་རོབ་གླིང་དང་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན། ང་ཚོས་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཉམ་ལས་གྲུབ་འབྲས་ཀྱིས་ཡོ་རོབ་གླིང་དང་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཁེ་ཕན་སྐྲུན་དགོས་ཟེར།

རྒྱལ་ཁབ་རེ་ལྔ་དང་རྒྱལ་སྤྱིའི་རྩ་འཛུགས་བཅུ་བཞི་ནས་ཡོང་བའི་གྲོས་དཔོན་དང་གྲོས་དཔོན་གཞོན་པ་ལྔ་བཅུ་ལྷག་སྐབས་འདིའི་གྲོས་ཚོགས་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།