ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གོ་གསར་བའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ཀྱི་གྲུབ་ཚུལ་དང་འཕེལ་རྒྱས་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་བདུན་པ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས24ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གོ་གསར་བའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ཀྱི་གྲུབ་ཚུལ་དང་འཕེལ་རྒྱས་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་བདུན་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་ལ། ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་མུ་མཐུད་དུ་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་རིམ་བཞིན་ཆགས་ཤིང་།  དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ལ་རྩ་བའི་འགན་སྲུང་འདོན་སྤྲོད་བྱས་པ་དང་། དུས་རབས་གསར་བའི་ནང་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཉམས་མྱོང་གལ་ཆེན་འདོན་སྤྲོད་བྱས། ཏང་ཡོངས་ཀྱིས་བགྲོད་ལམ་རང་རྟོན་དང་རིགས་གཞུང་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་ཇེ་བརྟན་དུ་བཏང་ནས། ཏང་དང་མི་དམངས་ཀྱིས་གསར་སྐྲུན་བྱས་པའི་ཡང་དག་པའི་བགྲོད་ལམ་དུ་མུ་མཐུད་ནས་མདུན་སྐྱོད་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྔར་ལས་སྐུལ་འདེད་གཏོང་དགོས་ཟེར།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བློ་མཐུན་ཡུས་ཀྲི་ཀང་གིས་གནད་དོན་དེའི་ཐད་ལ་འགྲེལ་བཤད་བྱས་པ་དང་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཉིན་འགའི་རྗེས་སུ་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་ངེས་ཡིན། ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་བཀོད་སྒྲིག་བྱས་དོན་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་ལ་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་པ་དང་། གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་བསམ་གཞིགས་གཏོང་རྒྱུ་དེ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་ལ་ཤུགས་བསྣན་ཏེ། ལོ་བདུན་ཅུའི་རིང་ལ་རང་རྒྱལ་གྱི་ལམ་ལུགས་འཛུགས་སྐྲུན་བྱས་པའི་ཉམས་མྱོང་ལ་སྤྱི་བསྡོམས་བྱེད་པ་དང་། ཀྲུང་གོའི་ལམ་ལུགས་འཛུགས་སྐྲུན་རིགས་གཞུང་གི་རིག་གཞུང་མ་ལག་དང་རིགས་གཞུང་མ་ལག སྐད་ཆའི་མ་ལག་གསར་སྐྲུན་བྱས་ནས། ལམ་ལུགས་རང་རྟོན་ཇེ་བརྟན་དུ་འགྲོ་བར་རིགས་གཞུང་འདེགས་ཤུགས་འདོན་སྤྲོད་བྱེད་དགོས། ལམ་ལུགས་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་ལྷག་པར་དུ་ན་གཞོན་ལོ་ཆུང་གི་ལམ་ལུགས་སློབ་གསོར་ཤུགས་བསྣན་ཏེ། ཀྲུང་གོའི་ལམ་ལུགས་ཀྱི་གཏམ་རྒྱུད་ལེགས་པར་བརྗོད་པ་དང་མི་དམངས་ལ་སྣེ་ཁྲིད་དེ་ང་ཚོ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་དུ་བསྐྱོད་ཟིན་པར་ངོས་འཛིན་གསལ་བོ་བྱེད་དུ་འཇུག་དགོས་ལ། ང་ཚོ་བགྲོད་ལམ་འདིའི་སྟེང་དུ་མུ་མཐུད་ནས་མདུན་སྐྱོད་བྱས་ན། ད་གཟོད་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཅིས་ཀྱང་མངོན་འགྱུར་བྱེད་ཐུབ་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།