ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

 ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

༢༢.jpg

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་ཚོགས།  ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཚོགས་ཆེན་ལ་ཞུགས། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་བའི་ནང་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་སྐབས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་བསམ་བློ་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བའི་སྲོག་ཤིང་དུ་འཛིན་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཞབས་ཕྱི་བསྒྲུབ་རྒྱུ་དེ་བྱ་བའི་གཙོ་ཐིག་ཏུ་འཛིན་པ། བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་རྒྱུ་དེ་བྱ་བའི་དཀྱིལ་སྙིང་དུ་བཟུང་སྟེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། གྲོས་ཞུགས་སྲིད་གླེང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་མི་དམངས་སྲིད་གྲོས་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་བྱེད་པ་དང་མི་དམངས་སྲིད་གྲོས་ལས་དོན་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་བྱ་བའི་རེ་བ་དངོས་འབེབས་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་འགོ་བརྩམས་པ་དང། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། མི་དམངས་སྲིད་གྲོས་སུ་ཞུགས་པའི་ཏང་ཁག་དང་ཚོགས་པ་སོ་སོ་དང་རིགས་སོ་སོ་དང་ལས་རིགས་སོ་སོ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། དེ་མིན་ཕྱི་སྡོད་རང་མི་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་སྲིད་གྲོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཅིག་གྱུར་འཐབ་ཕྱོགས་རིགས་གཞུང་དང་སྲིད་ཏང་རིགས་གཞུང་། དམངས་གཙོ་ཆབ་སྲིད་རིགས་གཞུང་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་རླབས་ཆེན་གྲུབ་འབྲས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣར་འགོ་ཁྲིད་དེ་ཆབ་སྲིད་ལམ་ལུགས་ཐད་ནས་བླངས་པའི་རླབས་ཆེན་གསར་སྐྲུན་ཞིག་ཡིན། ལོ་བདུན་ཅུའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་ལས་འགན་ལ་ཞབས་ཕྱི་བསྒྲུབས་ནས། ཀྲུང་གོ་གསར་བ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ནུས་པ་གལ་ཆེན་བཏོན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་བའི་ཆ་རྐྱེན་འོག ང་ཚོ་མུ་མཐུད་དུ་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་ཀྱི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ཡོང་བར་ཅིས་ཀྱང་ཤུགས་སྣོན་དགོས་པ་དང་། སྐུལ་སློང་བྱེད་ཆོག་པའི་ཧུར་ཐག་རྒྱུ་རྐྱེན་ཡོད་ཚད་ལ་སྐུལ་སློང་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་ནུས་ལྡན་བྱ་བ་བསྒྲུབ་པ་བརྒྱུད་དེ་ཏང་གིས་བྱ་བ་སྣ་ཚོགས་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པའི་གཡུལ་ས་གཙོ་བོ་དང་ཏང་གི་གསར་སྐྲུན་རིགས་གཞུང་མཐུན་སྒྲིལ་སློབ་གསོར་བརྟེན་ནས་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིའི་མི་སྣར་ཁྲིད་སྟོན་བྱེད་པའི་སྟེགས་བུ་གལ་ཆེན། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞིའི་སྟེང་འགལ་བ་ཞི་འཇགས་སུ་གཏོང་བ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བྱེད་དགོས། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་དགོས་ཏེ། གཅིག་གྱུར་རང་བཞིན་ནི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་གཅིག་གྱུར་ཡིན་པ་དང་སྣ་མང་རང་བཞིན་ནི་ཁེ་ཕན་སྣ་མང་དང་བསམ་བློ་སྣ་ཚོགས་ཀྱི་མཚོན་བྱེད་ཡིན་ལ། སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་སྐབས་གཅིག་གྱུར་རང་བཞིན་འཚོལ་དགོས་པ་ལས་མདོག་གཅིག་རང་བཞིན་བསྒྲུབ་མི་རུང་། བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་རྒྱུན་ལྡན་རང་བཞིན་གྱི་བསམ་བློ་ཆབ་སྲིད་བྱ་བ་ཟུང་འབྲེལ་བྱས་ཏེ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ་དང་། ཏང་ཁག་དང་ཚོགས་པ་སོ་སོ་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་བསམ་བློ་ཐད་ཀྱི་ཐུན་མོང་གི་ཡར་ཐོན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་ཀྱིས་ལས་རིགས་སོ་སོའི་མང་ཚོགས་ལ་འབྲེལ་འདྲིས་དང་སྐུལ་སློང་བྱེད་པ་དང་། ཨུ་ཡོན་རྣམས་གཞི་རིམ་དུ་སྐྱོད་པ་དང་ལས་རིགས་སོ་སོའི་མང་ཚོགས་ཁྲོད་དུ་སྐྱོད་པར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་ནས། དུས་ཐོག་ཏུ་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ཡར་ཞུ་བྱེད་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་སྒྲོག་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་མི་དམངས་སྲིད་གྲོས་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཞག་སྟེ་སྲིད་གྲོས་ཀྱིས་བྱ་བ་བསྒྲུབ་པར་ནུས་ལྡན་ཆ་རྐྱེན་གསར་སྐྲུན་བྱེད་པ་དང་ཤེས་ཡོན་གཉིས་ལྡན་གྱི་སྲིད་གྲོས་འགོ་ཁྲིད་ཚན་ཁག་བཀོད་སྒྲིག་བྱེད་དགོས། ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་འགོ་ཁྲིད་དེ་སྲིད་གྲོས་ཀྱི་བྱ་འགུལ་སྣ་ཚོགས་ཁྲོད་དུ་ཞུགས་པ་དང་ཏང་ཕྱིའི་གྲོགས་པོ་རྣམས་དང་འབྲེལ་འདྲིས་དམ་པོ་བྱེད་དགོས། སྲིད་གྲོས་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས། ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་མི་དམངས་སྲིད་གྲོས་ཀྱི་བྱ་བའི་ཁྲོད་དུ་དངོས་འབེབས་དང་ལག་བསྟར་མཐའ་འཁྱོལ་བྱེད་རྒྱུ་འགན་སྲུང་བྱེད་དགོས་པར་མ་ཟད་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཟེར།

ཝང་དབྱང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ལངས་ཏེ། མི་དམངས་སྲིད་གྲོས་བཙུགས་ནས་ལོ་བདུན་ཅུ་ལོན་པའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཤིང་། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གསར་བ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཕྱོགས་སོ་སོའི་ལོ་རྒྱུས་དུས་སྐབས་སུ་བཞག་པའི་བྱས་རྗེས་གལ་ཆེན་ལ་གདེང་འཇོག་ཆེན་པོ་གནང་བ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་མི་དམངས་སྲིད་གྲོས་བྱ་བའི་ཐད་བཏོན་པའི་རེ་བ་གསར་བར་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་པར་མ་ཟད། དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བའི་འགན་འཁྲི་དང་ལས་འགན་དང་སྤྱིའི་རེ་བ། བྱ་བའི་གནད་ས་བཅས་རྒྱས་བཤད་བྱས་ཤིང་། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་ཐད་ལ་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་ཟེར།

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁ་ཤས། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྔོན་ཆད་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་པའི་འགན་འཁུར་མྱོང་བའི་བློ་མཐུན་རྒན་པ་སོགས་ཚོགས་ཆེན་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།