ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། ཧྲིན་པིས་ཏི་པོ་ནས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་བཞི་བའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས། ལིས་ཁི་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། མིག་སྔའི་གནས་བབ་འོག་ཏུ། རྒྱལ་ཁབ་གཉིས་ཀྱིས་བདེ་ཐང་བརྟན་འཇགས་ཀྱི་འཕེལ་རྒྱས་འབྲེལ་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི། ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་ཡོངས་སུ་མཐུན་པར་མ་ཟད། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བ་དང་བདེ་སྐྱིད་བསྐྲུན་པར་ཡང་ཕན་ཐོགས་ཡོད། ཀྲུང་གོ་དང་ཨུ་རུ་སིའི་དངོས་གཉེར་མཉམ་ལས་བྱ་བར་ཁྱོན་ཡོངས་ཅན་དང་ཁྱབ་ཁོངས་ཆེ་བ། ཆུ་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན། ཕྱོགས་གཉིས་ཀའི་ནུས་ཁུངས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་བར་ཐོད་བརྒལ་གསར་པ་བྱུང་བར་མ་ཟད། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་དང་ཚན་རྩལ་གསར་གཏོད་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བཀྲག་མདངས་གསར་པ་རྒྱུན་ཆད་མེད་པར་མངོན་ཡོད། རེ་བ་ཡིན་ན་ཕྱོགས་གཉིས་ཀས་བཙོ་སྦྱང་དང་རྫས་འགྱུར་བཟོ་ལས་གཞི་གཅིག་ཅན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་གྲོས་བསྡུར་གང་ལེགས་བྱས་ནས། ནུས་ཁུངས་མཉམ་ལས་ཀྱི་ཟུར་སྣོན་རིན་ཐང་སྔར་ལས་ཇེ་མང་དུ་བཏང་སྟེ། ཕྱོགས་གཉིས་ཀའི་ལྡབ་འཕར་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱ་དགོས་ཟེར།

མེ་ཏི་ཝེ་ཅེ་ཧྥུའུ་ཡིས་བསྟན་དོན། མིག་སྔར་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་དུས་རབས་གསར་པར་སླེབས་ཡོད་ཅིང་། ཕྱོགས་གཉིས་ཀས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གསར་པ་བླངས་ཡོད། ད་ཐེངས་ཀྱི་ཐུག་འཕྲད་བྱེད་རིང་ཕྱོགས་གཉིས་ཀས་མཉམ་ལས་གྲོས་མཐུན་མང་པོ་བཀོད་པ་དེ་ཁྱབ་ཁོངས་ཆེན་པོ་དང་འབྲེལ་ནས་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་ཀའི་མཉམ་ལས་ཀྱི་གཙོ་གནད་དེ་སྲོལ་རྒྱུན་ནུས་ཁུངས་ཁྱབ་ཁོངས་ནས་ཚན་རྩལ་མཐོ་བའི་ཁྱབ་ཁོངས་སུ་རྒྱ་བསྐྱེད་དེ། ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་འདོད་ཡོད་ཟེར།

སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ཝང་དབྱི་བཅས་གོང་གསལ་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།