ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

1.jpg


ས་དེའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མའོ་སི་ཁོའི་ཁི་ལིན་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་མའོ་སི་ཁོའི་ཁི་ལིན་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་མཛད།

 ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་ནི་ཕན་ཚུན་ལ་འབྲེལ་བ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཆེས་ཆེན་པོ་ཡིན་ལ། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་ལོན་པའི་ལོ་དང་འཁེལ་ཡོད། ཅང་མ་འགོར་བའི་སྔོན་ལ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་གཏོང་རྒྱུར་མཐའ་གཅིག་ཏུ་འཐད་པ་བྱུང་ཡོད། བདག་གིས་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་མེ་ཏི་ཝེ་ཅེ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལི་དུས་བཅད་གྲོས་མོལ་ཐེངས་ཉེར་བཞི་བ་སྤེལ་ཏེ། ཁྱོན་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་འཆར་འགོད་བྱས་ནས་རྨད་དུ་བྱུང་བའི་གྲུབ་འབྲས་མང་པོ་བླངས་ཡོད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་རྒྱུན་འཐུད་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་རྒྱུ་དེ་ཕྱོགས་གཉིས་ཀར་ཕན་པ་དང་། ས་ཁུལ་ལ་ཕན་པར་མ་ཟད་འཛམ་གླིང་ལའང་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་མཉམ་དུ་མཛའ་བརྩེའི་འབྲེལ་བ་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། བརྗེ་རས་ལ་ཤུགས་སྣོན་པ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྩ་དོན་རྨང་གཞི་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི། འཛམ་གླིང་གི་དར་རྒྱས་གོང་འཕེལ་དང་ཞི་བདེ་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

ཕུའུ་ཅིན་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ཀྲུང་གོའི་འབྲེལ་བ་ནི་ཨུ་རུ་སིའི་ཕྱི་འབྲེལ་གྱི་ཐོག་མའི་ཁ་ཕྱོགས་ཡིན། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུའི་རིང་ལ། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དང་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་བྱུང་ཡོད། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་གཏན་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཐེངས་འདིའི་ཨུ་རུ་སི་དང་ཀྲུང་གོའི་ཙུང་ལིའི་དུས་བཅད་གྲོས་མོལ་ནས་གྲུབ་འབྲས་གསར་པ་མང་པོར་གྲོས་མཐུན་བྱུང་བ་དེས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ནུས་ཡོད་སྒོས་སྐུལ་འདེད་བཏང་ཡོད། ཨུ་རུ་སི་ཕྱོགས་ཀྱིས་རང་ངོས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་སྔ་ལས་ལེགས་པའི་སྒོ་ནས་སྦྲེལ་མཐུད་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་དེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཉིན་དེའི་ཕྱི་དྲོར་ལིས་ཁི་ཆང་གིས་མའོ་སི་ཁོའི་ཧོང་ཁྲང་ནས་ཨུ་རུ་སིའི་མིང་མེད་སྔོ་གཤེགས་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་བཅས་གོང་གསལ་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།