ཀྲུང་གོ་བོད་ཀྱི་དྲ་བ།

མེས་རྒྱལ་ལ་ལང་ཚོ་ལེགས་སྐྱེས་འབུལ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མ་ཁྲི་སྟོང་མང་པོས་རྒྱལ་གཅེས་དྲིན་གཟོའི་བསམ་པ་བརྗོད་པ།    

“མེས་རྒྱལ་ལ་ལང་ཚོ་ལེགས་སྐྱེས་འབུལ་བའི”བྱེད་སྒོ་ཟླ་8ཚེས་30ཉིན་སྤེལ་འགོ་ཚུགས་པ་དང་། མིག་སྔར་རྒྱལ་ཡོངས་ཀྱི་མཐོ་སློབ་2900ལྷག་ཙམ་དང་སློབ་ཆེན་སློབ་མ་ཁྲི་3800ལྷག་ཙམ་གྱི་ཁྲོད་དུ་སྤེལ་བཞིན་ཡོད་ལ། མཐོ་སློབ་ཀྱི་རྒྱ་ཆེའི་སློབ་མ་ཚོས“གཏམ་གླེང”དང“འཁྲབ་སྟོན”སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་དེ་སློབ་མ་རང་གི་སྐད་ཆ་དང་རང་ཉིད་ཀྱི་མྱོང་ཚོར་ལ་བརྟེན་ནས་རིགས་པའི་གཞུང་ལུགས་གསལ་འགྲེལ་དང་། གྲུབ་འབྲས་དྲིལ་བསྒྲགས། ཉམས་འགྱུར་ངོམས་སྟོན་བཅས་བྱས་ཏེ་ལང་ཚོའི་དྲང་ནུས་བརྒྱུད་སྤེལ་ཧུར་ཐག་བྱས་ཡོད།

ཏང་གཅེས་རྒྱལ་གཅེས་ཀྱི་བསམ་པ་མཚོན་པར་བྱས་པ།

ཏང་དང་རྒྱལ་ཁབ་འཛུགས་སྐྱོང་དང་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་ཕྱིར་དྲན་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་ངལ་དང་འགྲན་སློང་གྲངས་ལས་འདས་པ་ལས་རྣམ་པར་རྒྱལ་བའི་འོད་སྟོང་འཕྲོ་བའི་རྗེས་ཤུལ་འཚོལ་བ་བརྒྱུད། དེང་རབས་ཀྱི་ཉམས་མྱོང་དངོས་དང་ཟུང་འབྲེལ་གྱིས་སློབ་ཆེན་སློབ་མས་གསར་བརྗེའི་སྔོན་བྱོན་པ་ཚོའི་བླ་ན་མེད་པའི་གཤིས་རྒྱུད་དངོས་སུ་ཚོར་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་དང་། མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་པོར་རྟོགས་པ་རེད།

རྒྱལ་སའི་སློབ་ཆེན་སློབ་མའི“མེས་རྒྱལ་ལ་སྙན་སེང་ཞུ”ཞེས་པའི་སྙན་ངག་གྱེར་འདོན་འདུ་ཚོགས་ཐོག རང་རྩོམ་རང་འཁྲབ་བྱས་པའི《སྐྱ་མདའ་གཏོང་བ》དང་། 《སྐྱ་རེངས》 《མེས་རྒྱལ་ལ་སྙན་སེང་ཞུ》སོགས་ཕུལ་བྱུང་གི་བརྩམས་ཆོས་མང་པོ་འཁྲབ་སྟོན་བྱས་པ་དང་། ལང་ཚོའི་སྙན་ངག་གྱེར་འདོན་གྱི་རྣམ་པའི་ཐོག་ནས་རླབས་ཆེན་མེས་རྒྱལ་ལ་གུས་འདུད་ཞུས་པ་རེད། ཀྲུང་གོ་གཏེར་ལས་སློབ་ཆེན་གྱི་2019ལོའི་དམག་སྦྱོང་ནང་ཞུགས་པའི་སློབ་མ་གསར་པས《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་མཉམ་གཞས་བཏང་བ་དང་ཆབས་ཅིག་དཔུང་སྐྱོད་ལ་བརྟེན་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་གུས་འདུད་ཞུས་པ་རེད།

གསོན་ཉམས་དོད་པའི་ལག་ལེན་གྱི་གཏམ་རྒྱུད་བརྗོད་པ།

བྱེད་སྒོ་སྤེལ་རིང་། སློབ་མ་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་གལ་ཆེན་དང་། འཕོ་འགྱུར་གལ་ཆེན། ཉམས་མྱོང་གལ་ཆེན་བཅས་ཀྱི་ལག་ལེན་རྟོག་ཞིབ་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཀྱི་ཉམས་མྱོང་དངོས་དང་ཟུང་འབྲེལ་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཐད་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་སྔར་བས་ཟབ་ཏུ་བཏང་བ་རེད།

“མེས་རྒྱལ་ལ་ལང་ཚོ་ལེགས་སྐྱེས་འབུལ་བའི”སྒྲོག་འགྲེལ་འདུ་ཚོགས་ཐོག ཅང་ཤིས་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་2017ལོའི་རབ་འབྱམས་སློབ་མ་ཀྲའོ་ལིང་ཧྥེ་ཡིས་བསྡུར་བའི་ཐབས་ལ་བརྟེན་ནས་ཕ་ཡུལ་ཨན་ཧུའེ་པོ་ཀྲོའུ་རུ་ལོ་20རིང་བྱུང་བའི་འཕོ་འགྱུར་ཆེན་པོ་མངོན་པར་བྱས་ཤིང་། གྲོ་ཞིང་ནས་གྲོང་གསེབ་དར་རྒྱས་དང་། གནད་སྨིན་དབུལ་སྐྱོར་ནས་དམངས་གཉེར་དཔལ་འབྱོར་གོང་འཕེལ་བར་གསོན་ཉམས་དོད་པའི་གྱོད་དཔེ་དང་ཆེས་ཟོལ་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་གུང་ཁྲན་ཏང་གིས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱིས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་གཏོང་མི་ཐུབ་པའི་བབ་ཆགས་པའི་གནས་ལུགས་གསལ་འགྲེལ་བྱས་པར་སློབ་མ་ཚོར་ཐུན་མོང་གི་ངོས་འཛིན་ཆེན་པོ་བྱུང་བ་རེད།

རྒྱལ་ཁབ་ལ་དྲིན་གཟོ་བའི་འབད་འཐབ་ཀྱི་བསམ་པ་མཚོན་པར་བྱས་པ།

ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་གཏོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཟུང་འབྲེལ་གྱི་ལག་ལེན་ཞབས་ཞུར་བརྟེན་ནས་སློབ་མ་ཚོས་རང་ཉིད་ཀྱི་ཕྲག་ཐོག་ཏུ་འཁུར་བའི་དུས་རབས་ཀྱི་འགན་འཁྲིར་ངོས་འཛིན་སྔར་བས་གཏིང་ཟབ་ཐུབ་ཅིང་། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་དུས་རབས་ཀྱི་གདོང་ལེན་པ་ཞིག་བྱེད་པའི་ལང་ཚོའི་སྤྲོ་སེམས་འཕེལ་བར་བྱས་ནས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དང་རླབས་ཆེན་མི་རིགས་བསྐྱར་དར་ཆེད་འབད་འཐབ་བྱེད་པའི་ཆོད་སེམས་བརྟན་དུ་བཏང་ཡོད།

ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་མའི་འཐུས་མི་5ཡིས་སློབ་མ་གསར་པ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་སློབ་གྲྭའི་ལོ་རྒྱུས་དང་། གནས་སྤོའི་ལོ་ཟླ། རང་རྒྱལ་གྱི་གློག་འཕྲུལ་མཁས་པ་སྐུ་ཞབས་ཀྲུང་ཡའོ་ལིང་། ཡོན་ཧྲི་ཐའོ་ཝུན་ཆོན་ཚོགས་པའི་གཏམ་རྒྱུད་རབ་དང་རིམ་པ་བརྗོད་པ་མ་ཟད། སློབ་མའི་སྣེ་ཁྲིད་དེ“མི་རིགས་དང་དུས་རབས་ཆེད་དུ་འབད་འབུངས་བྱེད་པའི”འགྲིམ་འགྲུལ་སློབ་ཆེན་གྱི་སྙིང་སྟོབས་བརྗོད་ནས་རྒྱལ་གཅེས་འབད་འཐབ་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།