ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན11གིས་མཉམ་འབྲེལ་ཐོག《ཁྱིམ་ཚང་ཞིང་ར་གསར་སྤེལ་འཆར་གཞིའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར།  ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་དང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་དང་ཚན་པ11གིས་མཉམ་འབྲེལ་ཐོག《ཁྱིམ་ཚང་ཞིང་ར་གསར་སྤེལ་འཆར་གཞིའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ཞིང་། ཁྱིམ་ཚང་ཞིང་ར་གསར་སྤེལ་དང་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་ཏེ། གཞི་ཁྱོན་འཚམ་པོ་དང་། ཐོན་སྐྱེད་ཞིབ་གཉེར། དོ་དམ་སྔོན་ཐོན། ཕན་འབྲས་འབུར་ཐོན་བཅས་ཀྱི་ཁྱིམ་ཚང་ཞིང་ར་མང་པོ་ཞིག་མགྱོགས་མྱུར་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།

《མཛུབ་ཁྲིད་བསམ་འཆར》ནང2020ལོར་སླེབས་སྐབས། ཁྱིམ་ཚང་ཞིང་ར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་འཛུགས་རྒྱུ་དང་། དོ་དམ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། མཛུབ་ཁྲིད་ཞབས་ཞུའི་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁྱིམ་ཚང་ཞིང་རའི་གྲངས་འབོར་བརྟན་པོའི་ངང་མང་དུ་གཏོང་རྒྱུ། གཉེར་སྐྱོང་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་རྒྱུ། གཉེར་སྐྱོང་ཐོན་ལས་སྤེལ་སྟངས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ། འཕེལ་རྒྱས་གཏོང་སྟངས་སྔར་བས་སྣ་མང་ཅན་དུ་བསྒྱུར་རྒྱུ་བཅས་ཡིན་ཞེས་གསལ་པོར་བཏོན་ཡོད། 2022ལོར་སླེབས་སྐབས། ཁྱིམ་ཚང་ཞིང་ར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་དང་དོ་དམ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་ཆབས་ཅིག ཁྱིམ་ཚང་ཞིང་རའི་ཐོན་སྐྱེད་གཉེར་སྐྱོང་གི་ནུས་པ་དང་སྐུལ་ཁྲིད་ཀྱི་ནུས་པ་ཡང་སྲ་བརྟན་དང་ཆེ་རུ་འགྲོ་རྒྱུ་རེད།

《མཛུབ་ཁྲིད་བསམ་འཆར》ནང་། ཐོ་འགོད་དང་མིང་ཐོ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། རྫོང(གྲོང་ཁྱེར་དང་ཆུས)ཚན་པར་བྱས་ཏེ་ཁྱིམ་ཚང་ཞིང་རར་གཉེར་སྐྱོང་འཚམ་པོ་བྱ་རྒྱུའི་ཁྲིད་སྟོན་བྱས་ནས། གཞི་ཁྱོན་གྱི་ཕན་འབྲས་ཡག་ཤོས་ཐོབ་པ་བྱ་རྒྱུ་དང་ཆ་རྐྱེན་འཛོམས་པའི་འདེབས་གསོའི་དུད་ཚང་ཆེ་གྲས་དང་ཆེད་ལས་ཀྱི་དུད་ཚང་ཆེ་གྲས་ཁྱིམ་ཚང་ཞིང་རའི་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་ཞེས་བཏོན་ཡོད།

ཆབ་སྲིད་ཀྱི་རྒྱབ་སྐྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲིམས་བཞིན་ཁྱིམ་ཚང་ཞིང་རའི་ས་ཞིང་གཉེར་སྐྱོང་བདག་དབང་འགན་ལེན་བྱ་རྒྱུ་དང་། ཁྱིམ་ཚང་ཞིང་རར་ཁ་ཕྱོགས་པའི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་དང་ཁྱིམ་ཚང་ཞིང་ར་གཉེར་སྐྱོང་པ་གསོ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ས་ཞིང་སྤྱོད་རྒྱུར་འགན་ལེན་བྱ་ཤུགས་ཆེ་རུ་བཏང་སྟེ་ས་གནས་ཁག་ལ་བྱ་ཐབས་མང་པོ་བརྒྱུད་ཁྱིམ་ཚང་ཞིང་རས་མཛོད་ཁང་དང་། ཉི་སྐམ་ར་བ། སོས་ཉར་མཛོད་ཁང་། ཞིང་འཕྲུལ་འཇོག་ཁང་སོགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ། ནོར་སྲིད་དཔྱ་ཁྲལ་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ་བྱ་རྒྱུ། དངུལ་རྩའི་འགན་བཅོལ་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། དངུལ་བུན་གྱི་དངུལ་གྲངས་དང་། སྐྱེད་ཀ དུས་བཀག་བཅས་གཏན་འཁེལ་ལུགས་མཐུན་བྱེད་པ། གཏའ་མའི་ཁྱབ་ཁོངས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཁྱིམ་ཚང་ཞིང་རར་དངུལ་བུན་གཏོང་ནུས་ཆེ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།