ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙམ་པབ་ཝེ་ཡི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཅཱ་པེ་སྟབས་མ་ལེགས་པར་སྐུ་གཤེགས་པའི་ཐད་ནས་ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པ་དང་མི་སྒེར་གྱི་མིང་ཐོག་ནས། སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཅཱ་པེ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཙམ་པབ་ཝེ་སྲིད་གཞུང་དང་མི་དམངས། སྐུ་ཞབས་མུའུ་ཅཱ་པེའི་ཁྱིམ་མི་ལ་འཚམས་འདྲི་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་མུའུ་ཅཱ་པེ་ནི་ཙམ་པབ་ཝེ་དང་ཨ་ཧྥེ་རི་ཁའི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་མི་རིགས་བཅིངས་འགྲོལ་ལས་འགུལ་གྱི་འགོ་ཁྲིད་མི་སྣ་ཡིན་ལ། སྐུ་མ་གཤེགས་གོང་ཐེངས་མང་པོར་ཀྲུང་གོར་འཚམས་འདྲི་བྱས་ཏེ། ཀྲུང་གོ་དང་ཙམ་པབ་ཝེ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་བླ་མེད་བཞག ཁོ་སྐུ་གཤེགས་པ་ནི་ཙམ་པབ་ཝེ་མི་དམངས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ལ་གྲོགས་པོ་བཟང་བོ་ཞིག་མེད་པར་གྱུར། ཀྲུང་གོས་ཀྲུང་གོ་དང་ཙམ་པབ་ཝེ་བར་གྱི་སྤུན་ཟླ་ལྟ་བུའི་སྲོལ་རྒྱུན་མཛའ་བརྩེ་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད་པ་དང་། ཙམ་པབ་ཝེ་ཡི་སྲིད་གཞུང་དང་མི་དམངས་དང་མཉམ་དུ། མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་སྐྱེད་པ་དང་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཙམ་པབ་ཝེ་ཡི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཞི་ཅིན་ཕིང་གིས་ཙམ་པབ་ཝེ་ཡི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཅ་པེ་སྐུ་གཤེགས་པའི་ཐད་ནས་ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།