ཞི་ཅིན་ཕིང་གིས་འཕྲིག་ཡིག་བསྐུར་ནས་ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུའུ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུའུ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས། རྒྱལ་སྤྱིའི་སྒྲོག་སྤེལ་ཡུལ་དངོས་སུ་ལས་ཀ་གཉེར་བཞིན་པའི་ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུའུ་ཡི་ལས་བྱེད་པ་ཡོངས་དང་། ཀྲུང་གོའི་རྒྱལ་སྤྱིའི་སྒྲོག་སྤེལ་ལས་དོན་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱེད་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་གྲོགས་པོ་ཡོངས་ལ་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུའུ་ཡིས་ཁྱོན་ཡོངས་ནས་ཕྱི་ཕྱོགས་ལ་ཀྲུང་གོའི་འཕེལ་རྒྱས་འགྱུར་ལྡོག་དྲིལ་སྒྲོག་བྱས་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་བརྩེའི་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་གཏམ་རྒྱུད་བཤད་པ་དང་ཀྲུང་གོའི་གནས་ཚུལ་བརྒྱུད་སྒྲོག་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནས་བབ་གསར་བའི་འོག ཀྲུང་གོ་དང་འཛམ་གླིང་གི་འབྲེལ་འདྲིས་ཉིན་རེ་བཞིན་དམ་ཟབ་ཏུ་སོང་བ་དང་། ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུའུ་ཡིས་སྐད་ཡིག་ཅུའུ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་དེ་འགོ་ཚུགས་ས་གསར་བ་རུ་བྱས་ཏེ། དུས་རབས་ཀྱི་འགྲོ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་བ། བདེན་འཛིན་གསར་གཏོད་རྒྱུན་འཁྱོངས་བྱེད་པ། མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་བརྒྱུད་སྒྲོག་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ཧུར་ཐག་གིས་འཛམ་གླིང་སྟེང་ཆེས་བཟང་བ་དང་ཕྱོགས་བསྡུས་དངོས་ཤུགས་ལྡན་པའི་རྒྱལ་སྤྱིའི་བརྒྱུད་སྒྲོག་ལས་ཁུངས་འཛུགས་སྐྲུན་བྱེད་པ། འཛམ་གླིང་ཡོངས་ལ་དུས་རབས་གསར་བའི་ཀྲུང་གོ་མཚམས་སྦྱོར་བྱེད་པ་དང་། དྲང་བདེན་དང་ཁྱོན་ཡོངས་ཀྱི་ཀྲུང་གོ་འགྲེམ་སྟོན་བྱས་ཏེ། ཀྲུང་གོ་འཛམ་གླིང་དུ་བསྐྱོད་པ་དང་འཛམ་གླིང་གིས་ཀྲུང་གོར་རྒྱུས་ལོན་བཟང་བོ་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།