ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ལྷོ་ནུབ་ས་ཁུལ་བོད་རྒྱ་སྐད་རིགས་ཞིབ་འཇུག་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་ལྔ་པ(STLS-2019)ནན་ཁའེ་སློབ་ཆེན་དུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ།རྟ་མགྲིན་ལྷ་མོ་དང་བྱང་ཆུབ་དབང་མོ།)ནན་ཁའེ་སློབ་ཆེན་གྱི་ལོ་བརྒྱའི་དུས་སྟོན་གྱི་སྐབས་དང་བསྟུན། ཀྲུང་གོའི་ལྷོ་ནུབ་ས་ཁུལ་བོད་རྒྱ་སྐད་རིགས་ཞིབ་འཇུག་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་ལྔ་པ(5th Workshop on Sino-Tibetan Languages of Southwest China)ནི། ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གིས་གཙོ་སྒྲུབ་འོག སྤྱི་ལོ༢༠༡༩ལོའི་ཟླ༨པའི་ཚེས༢༠ནས་ཚེས༢༤བར་དུ་ནན་ཁའེ་སློབ་ཆེན་གྱི་ཞིང་ཧྲེན་ཐོག་ཁང་དུ་འཚོགས། ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཙེང་ཞའོ་ཡུས་དང་དགེ་རྒན་ཆེན་མོ་ཧྲི་ཧྥུང་གཉིས་ཀྱིས་ཚོགས་འདུའི་དབུ་འབྱེད་དང་ཚོགས་གྲོལ་མཛད་སྒོའི་མདོ་འཛིན་གནང་ཞིང་། ནན་ཁེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་གླིང་གཙོ་སྟེ། དགེ་རྒན་ཆེན་མོ་ཧྲན་ལི་ཡན་གྱིས་དབུ་འབྱེད་མཛད་སྒོ་རུ་གསུངས་བཤད་གནང་། དེ་མིན་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསྟན་གོ་སོགས་གྲོས་ཚོགས་འདིའི་མཉམ་སྒྲུབ་ལས་ཁུངས་ཀྱི་སྐུ་ཚབ་བྱས་ཏེ་ཚོགས་འདུར་ཕེབས། ཨ་རི་དང་འཇར་པན། དབྱིན་ཇི། འཇར་མན། ཧྥ་རན་སི། ཧྥི་ལན། སིང་ཀ་ཕོར། ཨོ་སི་ཁྲུ་ལི་ཡ། དེ་མིན་ཀྲུང་ཀོའི་ཐེའེ་ཝན་དང་ཞང་ཀང་། ཨོའོ་མོན་སོགས་ནས་ཕེབས་པའི་སློབ་གྲྭ་དང་ཞིབ་འཇུག་ལས་ཁུངས༦༣དང་ཆེད་མཁས་པ་དང་ཞིབ་འཇུག་མཁན༡༧༠ལྷག་ཐེངས་འདིའི་ཚོགས་འདུར་བཞུགས།  

ཀྲུང་གོའི་ལྷོ་ནུབ་ས་ཁུལ་བོད་རྒྱ་སྐད་རིགས་ཞིབ་འཇུག་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ (STLS)ནི་རྒྱལ་སྤྱིའི་བོད་རྒྱ་སྐད་རིགས་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེས་ཆེ་བའི་མཐོ་རིམ་གྱི་ཚོགས་འདུ་ཞིག་ཡིན། ཀྲུང་གོའི་ལྷོ་ནུབ་ས་ཁུལ་དུ་བོད་རྒྱ་སྐད་ཁོངས་ཀྱི་སྐད་རིགས་མང་པོ་ཞིག་འདུས་ཡོད་པས། ཞིབ་འཇུག་གི་མདུན་ལྗོངས་ཤིན་ཏུ་བཟང་མོད། འོན་ཀྱང་ས་ཁུལ་དེར་སྐད་རིགས་ཉེར་འཇིགས་ཀྱི་སྣང་ཚུལ་ཧ་ཅང་ཚབས་ཆེ་བས། རྒྱལ་སྤྱིའི་མཉམ་ལས་བརྒྱུད་ནས་ས་ཁུལ་འདིའི་སྐད་རིགས་དག་སྲུང་སྐྱོབ་ཞིབ་འཇུག་ལ་སྐུལ་འདེད་བྱ་རྒྱུ་ནི་ཚོགས་འདུ་འདིའི་དམིགས་དབེན་ཉག་གཅིག་གོ ། ཚོགས་འདུ་འདི་ནི་དང་ཐོག༢༠༠༨ལོར་ཐེའེ་བྱང་གི་ཀྲུང་དབྱང་ཞིབ་འཇུག་ལས་ཁུངས་ཀྱིས་སི་ཁྲོན་མངའ་ཁོངས་ཀྱི་བོད་འབར་སྐད་རིགས་ཞིབ་འཇུག་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་ཞེས་པའི་བགྲོ་གླེང་ཚོགས་འདུ་བསྡུས་པ་ནས་བཟུང་། སྔ་གཞུག་ཏུ་པེ་ཅིན(༢༠༡༠ལོར་པེ་ཅིན་སློབ་ཆེན་ནས་སྐབས་གཉིས་པ་བསྡུས།)དང་། ཕ་རི་སི(༢༠༡༣ལོར་ཧྥ་རན་སིའི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ནས་སྐབས་གསུམ་པ་བསྡུས།)དང་། ཞི་ཡ་ཐུའུ(༢༠༡༦ལོར་ཝ་ཧྲེང་ཐོན་སློབ་ཆེན་ནས་སྐབས་བཞི་པ་བསྡུས།) སོགས་སུ་ཚོགས་ནས་སྐད་གྲགས་ཇེ་ཆེ་དང་གྲ་ཇེ་རྒྱས་སུ་གྱུར།

ནན་ཁའེ་སློབ་ཆེན་ནི་མི་རིགས་སྐད་རིགས་ཞིབ་འཇུག་གི་ལོ་རྒྱུས་ཡུན་རིང་ལྡན་པའི་སློབ་ཆེན་ཞིག་ཡིན་ཞིང་། རྒྱལ་ནང་དུ་བོད་རྒྱ་སྐད་རིགས་ཞིབ་འཇུག་ཐད་ཀྱི་སློབ་གྲྭ་གཙོ་བོའི་གྲས་ཞིག་ཡིན།  སྤྱི་ལོ༢༠༡༩ལོར་ནན་ཁའེ་སློབ་ཆེན་གྱི་ལོ་བརྒྱའི་དུས་སྟོན་གྱི་སྐལ་བ་བཟང་པོ་འདིར་ཚགས་དམ་པའི་ཞིབ་བཤེར་དང་གྲངས་ཀ་མི་གཙོ་སྤུས་ཚད་གཙོས་པའི་དཔྱད་རྩོམ་གདམས་ཐོན་དང་ཁུངས་ལུང་ལྡན་པའི་བགྲོ་གླེང་བཅས་གཙིགས་སུ་འཛིན་པའིSTLSབགྲོ་གླེང་ཚོགས་འདུ་འདི་ནན་ཁའེ་སློབ་ཆེན་དུ་སྤེལ་ཐུབ་པ་བྱུང་ཞིང་། འཛམ་གླིང་ས་ཕྱོགས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་དང་ཞིབ་འཇུག་པ་རྣམས་ལྷན་དུ་འཛོམས་ནས་གཞུང་བརྒྱའི་བགྲོ་གླེང་སྤེལ།

6.jpg

ད་ཐེངས་ཀྱི་ཚོགས་འདུ་འདིར་ཆེད་དམིགས་གཏམ་བཤད་ཁག༦དང་རིག་གཞུང་དཔྱད་རྩོམ༣༤དང་། འབྲེལ་ཡོད་རིག་གཞུང་འཆད་ཁྲིད་ཐེངས༥བཅས་སྤེལ་ཡོད་ཅིང་། ཉིན་ལྔའི་རིང་དུ་ཚོགས་འདུའི་ཐོག་མཐའ་བར་གསུམ་དུ་ཚོགས་མི་ཡོངས་ནས་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པ་དང་། རྒྱལ་སྤྱིའི་བོད་རྒྱ་སྐད་བརྡ་རིག་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཨ་རིའི་ཅ་ཀྲོའོ་པོ་ཁེ་ལི་སློབ་ཆེན་གྱི་དགེ་རྒན་ཆེན་མོJames A.Matisoffལགས་དང་། སྙན་གྲགས་ཆེ་བའི་བོད་རྒྱ་སྐད་བརྡ་རིག་པའི་མཁས་དབང་དང་ཨ་རིའི་ཨོ་ལེ་ཀང་སློབ་ཆེན་གྱི་དགེ་རྒན་ཆེན་མོScott  DeLancey ལགས། དེ་མིན་ཐེའེ་ཝེའི་ཀྲུང་དབྱང་ཞིབ་འཇུག་ལས་ཁུངས་ཀྱི་དགེ་རྒན་ཆེན་མོ་ལི་རེན་ཀེའེ་ལགས། ཨོ་སི་ཁྲུ་ལི་ཡའི་མི་ཆོས་སློབ་གླིང་དང་སིང་ཀ་ཕོར་ལྷོ་རྒྱ་མཚོའི་དངོས་བཟོ་རིག་ཚན་སློབ་ཆེན་གྱི་དགེ་རྒན་ཆེན་མོRandy J. LaPollaལགས། གཞན་ཡང་ཐེའེ་ཝེའི་ཀྲུང་དབྱང་ཞིབ་འཇུག་ལས་ཁུངས་ཀྱི་དགེ་རྒན་ཆེན་མོ་སོན་ཐན་ཞིན་དང་། འཇར་པན་ཁོ་པེའི་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དང་བོད་རྒྱ་སྐད་བརྡའི་ཆེད་མཁས་པ Takekoshi Takashiལགས། འཇར་པན་གྱི་རྒྱལ་ས་སློབ་ཆེན་གྱི་དགེ་རྒན་ཆེན་མོ Ikeda Takumiལགས། ཨ་རིའི་ཞི་ཡ་ཐུའུ་ཝ་ཧྲེང་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོZev Handelལགས། དབྱིན་ཇི་དང་ཧྥ་རན་སིའི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོKatia Chirkovaལགས་དང་། ཧྥ་རན་སིའི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོAlexis Michaudལགས་ལ་སོགས་པའི་རྒྱལ་ཕྱིའི་མཁས་དབང་རྣམས་དང་། ད་དུང་སྙན་པའི་གྲགས་པ་འབར་བའི་རྒྱ་བོད་སྐད་བརྡ་རིག་པའི་ཆེད་མཁས་པ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཏེའེ་ཆིན་ཞ་ལགས་དང་།  ཧྥུ་ཏན་སློབ་ཆེན་གྱི་ཨེ་ཤ་ཡ་ཤར་མའི་སྐད་རིགས་གཞི་གྲངས་ལྟེ་གནས་ཀྱི་འགན་ཁུར་བ་དང་ཧྲང་ཧེ་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཕན་ཨུ་ཡུན་ལགས། ནན་ཁའེ་སློབ་ཆེན་རྩོམ་རིག་གླིང་གི་དགེ་རྒན་ཆེན་མོ་དང་ཐན་ཅིན་སློབ་ཆེན་སྐད་བརྡ་ཚན་རིག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་ཞང་ཏུང་ལགས། པེ་ཅིན་སློབ་ཆེན་གྱི་ཀྲུང་གོའི་སྐད་བརྡ་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་པེ་ཅིན་སློབ་ཆེན་རྒྱ་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་ཁྲན་པའོ་ཡ་ལགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཚན་ཁང་གི་མི་རིགས་སྐད་བརྡ་ཞིབ་འཇུག་ཁང་གི་ཀྲུའུ་རེན་དང་ཞིབ་འཇུག་པ་ཧྭ་ཁྲན་ལུང་ལགས། ནན་ཁའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས་སོགས་ཀྱིས་གྲོས་ཚོགས་སུ་དཔྱད་རྩོམ་སྒྲོག་སྦྱངས་དང་འཆད་ཁྲིད་སྤེལ་གནངས་སོ།།

8.jpg

ཐེངས་འདིའིSTLSཚོགས་འདུས་གསུང་བཤད་གྲངས་ཉུང་ཞིང་སྤུས་ལེགས་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཐོག  རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར༡༥དང་། སློབ་ཆེན་དང་ཞིབ་འཇུག་ལས་ཁུངས༣༧ནས་ཕེབས་པའི་ཆེད་མཁས་པ༨༠ལྷག་ཚོགས་ཞུགས་མཁས་དབང་གི་མིང་རྟགས་བཟུང་ནས་ཚོགས་འདུར་ཞུགས་པ་དང་། ནང་ལོགས་ཀྱི་སློབ་ཆེན་ཁག་དང་ཀྲུང་གོའི་ནུབ་རྒྱུད་ཀྱི་མི་རིགས་སློབ་ཆེན༨ནས་ཡོང་བའི་རྒྱ་བོད་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭའི་སློབ་མ༣༩ཐེངས་འདིའི་ཚོགས་འདུར་ཞུགས་ཡོད། བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་ནི་ནན་ཁའེ་སློབ་ཆེན་རྩོམ་རིག་གླིང་གིས་གསར་འཛུགས་གནངས་ཤིང་ཕ་སྐད་བོད་རྒྱ་སྐད་ཁོངས་ཀྱི་སྐད་རིགས་གང་ཞིག་ཡིན་པའི་སློབ་གཉེར་བ་རྣམས་ལ་ཕྱོགས་པའི་སྐད་བརྡ་རིག་པའི་ཆེད་ལས་ཀྱི་དབྱར་སྦྱོང་འཛིན་གྲྭ་ཞིག་ཡིན་ལ། དེས་བོད་རྒྱ་སྐད་རིགས་ཞིབ་འཇུག་ཐད་ཀྱི་རྗེས་རབས་པ་གསོ་སྐྱོང་དང་ཕ་སྐད་སྨྲ་བ་པོ་རྣམས་རང་གི་ཕ་སྐད་ལ་ཞིབ་འཇུག་བྱེད་རྒྱུར་སྐུལ་འདེད་དང་ཉེར་འཇིགས་སྐད་རིགས་སྲུང་སྐྱོབ་སོགས་ཀྱི་ཕྱོགས་སུ་ནུས་པ་གང་འཚམ་ཐོན་དང་འདོན་བཞིན་ཡོད། ད་ཐེངས་སྐབས་བཞི་པའི་དབྱར་སྦྱོང་འཛིན་གྲྭའི་ཐོག་ཏུ་རྩ་ཆེན་ཉེར་འཇིགས་སྐད་རིགས་ཆོས་ཡུལ་སྐད་དང་ཨེར་སུག་སྐད། རྟའུ་སྐད། མི་ཉག་སྐད་ལ་སོགས་པའི་ཕ་སྐད་སྨྲ་བའི་སློབ་མ་མང་པོ་འདུས་ཡོད་དོ། །

7.jpg

ཀྲུང་གོ་ནི་བོད་རྒྱ་སྐད་ཁོངས་ཀྱི་ཕ་ས་ཡིན་ཞིང་། བོད་རྒྱ་སྐད་བརྡ་རིག་པའི་ཞིབ་འཇུག་ཐད་དུ་གྲུབ་འབྲས་ཆེན་པོ་བླངས་ཡོད་ཅིང་། འབྲེལ་ཡོད་ཞིབ་འཇུག་གི་བྱ་གཞག་མཐའ་དག་ཡར་ངོ་ཟླ་ལྟར་འཕེལ་བཞིན་ཡོད། ཡིན་ནའང་ཕྱོགས་གཞན་ཞིག་ནས་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་སྐད་རིགས་དག་ཉེ་བར་འཇིགས་པའི་གནས་སུ་ལྷགས་ཡོད་ཅིང་། ཀྲུང་གོའི་བོད་རྒྱ་སྐད་བརྡ་རིག་པའི་ཞིབ་འཇུག་ནི་ཕྱོགས་མང་པོ་ཞིག་ནས་རྒྱལ་སྤྱིའི་ཆུ་ཚད་དང་ཧེ་བག་ཆེ་བས། རྒྱལ་ནང་གི་བོད་རྒྱ་སྐད་བརྡ་རིག་པའི་ཞིབ་འཇུག་གི་སློབ་གྲྭ་འགངས་ཆེན་དུ་གྲགས་པའི་ནན་ཁའེ་སློབ་ཆེན་གྱིས་ལོ་བརྒྱའི་དུས་སྟོན་གྱི་རྟེན་འབྲེལ་མཚོན་ཆེད་དུ།ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་བོད་རྒྱ་སྐད་རིགས་ཞིབ་འཇུག་གི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་ལྔ་པ་བསྡུས་པ་དེས་རྒྱལ་ནང་གི་སྐད་བརྡ་རིག་པའི་ཞིབ་འཇུག་དང་ནན་ཁའེ་སློབ་ཆེན་གྱི་སྐད་བརྡ་རིག་པའི་ཞིབ་འཇུག་བཅས་ཀྱི་འཕེལ་རྒྱས་ཕྱོགས་སུ་ནུས་པ་དང་དོན་སྙིང་བསམ་གྱིས་མི་ཁྱབ་པ་ལྡན་ནོ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།