ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྟོན་དུས་སློབ་སྐབས་ཀྱི་ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124956081_15675155926411n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་གསུམ་ཉིན། 2019ལོའི་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྟོན་དུས་སློབ་སྐབས་ཀྱི་ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་འགོ་བརྩམས་པ་དང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གནང་།

ཀྲུང་དབྱང་ཏང་གི་སློབ་གྲྭའི2019ལོའི་སྟོན་དུས་སློབ་སྐབས་ཀྱི་ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཚེས་གསུམ་ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭ་རུ་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གནང་ནས། རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པས་བསམ་བློ་དང་ཆབ་སྲིད། ལག་ལེན་ཐད་ཀྱི་སྦྱོང་བརྡར་ཐེག་ཐུབ་པར་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། མར་ཁེ་སི་རིང་ལུགས་གྲུབ་པ་དང་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དབུ་བརྙེས་པ་དང་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་ཐད་ནས་འཐབ་རྩོད་ཀྱི་དཀའ་སྡུག་ཆེན་པོ་མྱངས། ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ། བཅོས་སྒྱུར་སྒོ་འབྱེད་ལག་བསྟར་བྱེད་པ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྤེལ་བ་བཅས་ཚང་མ་འཐབ་རྩོད་ཁྲོད་བྱུང་བ་དང་། འཐབ་རྩོད་ཁྲོད་འཕེལ་རྒྱས་སུ་བཏང་ལ། འཐབ་རྩོད་ཁྲོད་སྟོབས་ལྡན་དུ་བསྒྱུར། ད་ལྟའི་འཛམ་གླིང་འདི་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་ཁྲོད་གནས་པ་དང་། ང་ཚོ་ཏང་གིས་འགོ་ཁྲིད་པའི་རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་འདུན་བཅས་དངོས་སུ་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ལ། བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་ལས་འགན་ཧ་ཅང་ལྕི་བ་དང་། ང་ཚོ་ལོ་རྒྱུས་ཀྱི་གོ་སྐབས་བཟང་བོར་འཕྲད་ཡོད་ལ། ཉེན་ཁ་དང་འགྲན་རྩོད་ཆེན་པོར་ཡང་ཐུག་ཡོད་པས། ང་ཚོ་ཏང་གིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་རྒྱལ་ཁའི་ངང་མངོན་འགྱུར་བྱེད་ན། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་ལས་སླ་མོ་ཞིག་མིན་ལ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་ན་ངེས་པར་དུ་རླབས་ཆེན་འཐབ་རྩོད་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུའི་སྟེང་ང་ཚོའི་མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་རྩོད་སྔར་ལས་ཆེ་ཞིང་རྙོག་འཛིང་ཆེ་ལ། ཐ་ན་བསམ་ཡུལ་ལས་འདས་པའི་དཀའ་ཁག་ལ་ཡང་འཕྲད་ངེས། ང་ཚོའི་མདུན་དུ་ལྷགས་པའི་འཐབ་རྩོད་སྣ་ཚོགས་ཀྱི་དུས་ཡུན་ཧ་ཅང་རིང་ལ། མ་མཐར་ཡང་ང་ཚོས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གོ་རིམ་ཧྲིལ་བོར་འབྲེལ་ཡོད་པས། ངེས་པར་དུ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། འཐབ་རྩོད་ཀྱི་བློ་རྩ་ཇེ་བརྟན་དུ་བཏང་སྟེ། ཛ་དྲག་གི་གནས་བབ་དང་འཐབ་རྩོད་ཀྱི་ལས་འགན་ལ་འཕྲད་དུས། སྙིང་སྟོབས་ཆེར་བསྐྱེད་པ་དང་འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཐུབ་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོ་གུང་ཁྲན་ཏང་མིའི་འཐབ་རྩོད་ཀྱི་དམིགས་འབེན་ནི་འགལ་རྩོད་གནད་དོན་དང་ཉེན་ཁ་འགྲན་རྩོད་ཐག་གཅོད་རྒྱུ་དེ་ཡིན། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ། རང་རྒྱལ་གྱི་འཕེལ་རྒྱས་དེ་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་འཕྲད་པ་དང་ཐ་ན་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་པ་དང་། མདུན་དུ་ལྷགས་པའི་འཐབ་རྩོད་ཉུང་མི་སྲིད་ལ། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་རྒྱལ་སྲུང་། དམག་དཔུང་འཛུགས་སྐྲུན། ཞང་ཀང་ཨོ་མིན་དང་ཐའེ་ཝན་བྱ་བ། ཕྱི་འབྲེལ་བྱ་བ། ཏང་གི་འཛུགས་སྐྲུན་སོགས་ཕྱོགས་གང་ཐད་ནས་ཀྱང་འཐབ་རྩོད་ཡོད་པ་མ་ཟད། སྔར་ལས་རྙོག་འཛིང་ཆེ་ངེས། འགོ་ཁྲིད་ལས་བྱེད་པར་ཕྲ་མཐོང་ཆེ་ཤེས་ཀྱི་ནུས་པ་ལྡན་དགོས་ལ། མི་མཐོང་བའི་ཉེན་ཁར་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་དཔག་དབྱེ་འབྱེད་བྱེད་པ་དང་། གང་ན་ཉེན་ཁ་ཡོད་པ་ཤེས་དགོས་ལ། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཅི་འདྲ་ཡིན་པར་རྒྱུས་ལོན་གསལ་བོ་བྱས་ཏེ། འཐབ་རྩོད་བྱེད་དགོས་ས་ནས་འཐབ་རྩོད་བྱེད་དགོས་ཟེར།

1124956081_15675156289831n.jpg

ཞི་ཅིན་ཕིང་གིས་བསྟན་དོན། ཐབས་ཇུས་བྱེད་ཐབས་དང་འཐབ་རྩོད་ཀྱི་སྒྱུ་རྩལ་ལ་དོ་སྣང་བྱེད་དགོས། འགལ་རྩོད་གཙོ་བོ་དམ་འཛིན་བྱེད་པ་དང་འགལ་རྩོད་ཀྱི་གཙོ་བོ་ཕྱོགས་ལ་དོ་སྣང་བྱེད་པ་དང་། གནས་ལུགས་ཡོད་པ་དང་ཁེ་ཕན་ཡོད་པ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་རྣམ་པ་གདམ་གསེས་བྱེད་པ་དང་འཐབ་རྩོད་གནད་འགག་ཁོང་དུ་ཆུད་པར་བྱས་ཏེ། རྩ་དོན་སྟེང་ནས་གོམ་གང་ཡང་ཕྱི་བཤོལ་མི་བྱེད་པ་དང་། ཐབས་ཇུས་གནད་དོན་ཐད་ནས་གང་ལ་ཅི་འོས་བྱེད་དགོས། གནས་བབ་ཀྱི་དགོས་མཁོ་ལྟར། དུས་ཚོད་དང་ཚད་གཞི། ཕན་འབྲས་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། དུས་ཐོག་ཏུ་འཐབ་རྩོད་ཀྱི་ཐབས་ཇུས་ལེགས་སྒྲིག་བྱེད་དགོས། མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བྱེད་པ་དང་། སྟོབས་ཤུགས་ཡོད་ཚད་ཆེར་བསྐྱེད་དེ། འཐབ་རྩོད་ཁྲོད་མཐུན་སྒྲིལ་བརྩོན་ལེན་བྱེད་པ་དང་། འཐབ་རྩོད་ཁྲོད་མཉམ་ལས་བརྩོན་ལེན་བྱེད་པ། འཐབ་རྩོད་ཁྲོད་མཉམ་རྒྱལ་བརྩོན་ལེན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ཚོགས་ནི་འགལ་ཟླའི་ཁྲོད་མདུན་སྐྱོད་བྱེད་པ་དང་། འགལ་རྩོད་ཡོད་ན་འཐབ་རྩོད་ཡོད། འགོ་ཁྲིད་ལས་བྱེད་པ་ལས་རྐང་གང་ན་ཡོད་ཀྱང་། ལས་འགན་ཅི་ཞིག་ཁུར་ཡོད་ཀྱང་ཁག་ཁུར་བྱེད་ཕོད་པ་དང་དཀའ་ངལ་ཁྱད་སེལ་བྱེད་པ་དང་། བཀོད་འདོམས་པ་བྱེད་དགོས་ལ་འཐབ་མོ་བ་ཡང་བྱེད་དགོས་ལ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་ནུས་པ་ཆེན་པོ་སྐྱེད་སྲིང་དང་སྲུང་འཛིན་བྱེད་དགོས། ང་ཚོའི་བྱ་བའི་ཁྲོད་འཕྲད་པའི་འཐབ་རྩོད་ནི་ཕྱོགས་མང་པོ་ཡིན་ལ། བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས། ནང་སྲིད་ཕྱི་འབྲེལ་དང་རྒྱལ་སྲུང་། ཏང་དང་རྒྱལ་ཁབ་བཅོས་སྐྱོང་དང་ཏང་བཅོས་སྐྱོང་བྱེད་པ་བཅས་ཚང་མའི་ཐད་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་འཐབ་རྩོད་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྤེལ་བ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་མེད་པར་བཟོ་བ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པ། རང་བྱུང་གནོད་འཚེ་ཆེན་པོར་ཁ་གཏད་འཇལ་བ། ཁྲིམས་ལྟར་ཁྱོན་ཡོངས་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པ། ཚོགས་ཁག་རང་བཞིན་གྱི་དོན་རྐྱེན་ཐག་གཅོད་པ། ནག་ངན་སྟོབས་ཤུགས་ལ་རྡུང་རྡེག་བྱེད་པ། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་གང་ཐད་ནས་ཀྱང་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པར་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་ཚང་མ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པའི་འཐབ་མོ་བ་བྱེད་དགོས་ཟེར།

ཁྲིན་ཞི་ཡིས་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོར་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཏིང་ཞུའེ་ཞང་དང་ཧོང་ཁུན་མེན་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།

2019ལོའི་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྟོན་དུས་སློབ་སྐབས་ཀྱི་ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་མཛད་སྒོར་ཞུགས། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།