ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་བྱ་བའི་སྲོལ་ཡིག་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་བྱ་བའི་སྲོལ་ཡིག་དཔར་ནས་བཀྲམ་པ་མ་ཟད་བརྡ་སྦྱོར་སྤེལ་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བརྩི་སྲུང་དང་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང་བསྟན་དོན། ཏང་གི་ཞིང་སྡེ་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་ལག་ལེན་མཐར་ཕྱིན་བྱེད་པ། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ། དུས་རབས་གསར་བའི་ནང་ཏང་གིས་ཞིང་སྡེ་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་ཆེད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་བྱ་བའི་སྲོལ་ཡིག་གཏན་འབེབས་བྱས་པ་ཡིན་ཟེར།

བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། ཏང་གི་ཞིང་སྡེ་བྱ་བའི་ཐད་ནས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། གནས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྤེལ་བར་དམིགས་ནས། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་ཀྱི་རེ་བ་ལག་བསྟར་བྱེད་པ། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དེ་བྱེད་ཐབས་སུ་བྱེད་པ། ཏང་གིས་ཞིང་སྡེ་བྱ་བར་འགོ་ཁྲིད་བྱེད་པའི་རྩ་འཛུགས་མ་ལག་དང་ལམ་ལུགས་མ་ལག བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་སྡེ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་ནས། རྒྱ་ཆེའི་ཞིང་བ་ཚོས་འཚོ་བ་་སྔར་ལས་བཟང་བོ་རོལ་ཐུབ་པར་བྱེད་དགོས་ཟེར།

བརྡ་སྦྱོར་ནང་། ཏང་གི་ཞིང་སྡེ་བྱ་བའི་ཐད་ནས་ངེས་པར་དུ་གཤམ་གྱི་རྩ་དོན་དྲུག་བརྩི་སྲུང་བྱེད་དགོས་པའི་རེ་བ་བཏོན། གཅིག་ནས། ཏང་གི་ཞིང་སྡེ་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཞིང་སྡེ་བྱ་བའི་ཁྲོད་སྤྱི་ཡོངས་ལ་གཅིག་གྱུར་བཀོད་འདོམས་བྱེད་པ་དང་ཕྱོགས་ཡོངས་ལ་མཐུན་སྦྱོར་བྱེད་པར་ཁག་ཐེག་བྱེད་པ་དང་། ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་མདུན་བསྐྱོད་བྱེད་པར་འགན་སྲུང་བྱེད་དགོས། གཉིས་ནས། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་བའི་གཙོ་གཞི་གོ་གནས་དང་གསར་གཏོད་སྙིང་སྟོབས་ལ་བརྩི་བཀུར་བྱས་ནས། ཞིང་བའི་དངོས་པོའི་ཁེ་ཕན་དང་དམངས་གཙོ་དབང་ཆར་འགན་སྲུང་བྱེད་པ་དང་། ཞིང་བས་བརྩི་བཀུར་བྱེད་མིན་དང་རྒྱབ་སྐྱོར་བྱེད་མིན་དེ་ཏང་གི་ཞིང་སྡེ་སྲིད་ཇུས་གཏན་འབེབས་བྱེད་པའི་གཞི་འཛིན་སར་བྱེད་དགོས། གསུམ་ནས། ཞིང་སྡེ་གཞི་རྩའི་བདག་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཞིང་སྡེ་སྲིད་ཇུས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བཞི་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་དར་སྤེལ་ལམ་བུ་རུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ནས། ཞིང་སྡེ་ཐོན་ལས་དར་སྤེལ་དང་ཤེས་ལྡན་མི་སྣ་དར་སྤེལ། རིག་གནས་དར་སྤེལ། སྐྱེ་ཁམས་དར་སྤེལ། རྩ་འཛུགས་དར་སྤེལ་སྤེལ་དགོས། ལྔ་ནས་ཞིང་བས་ཏང་གི་བཀའ་ལ་ཉན་པ་དང་ཏང་ལ་དྲིན་གཟོ་བྱེད་པ། ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱས་ཏེ། ཞིང་བ་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏང་གི་ཞིང་སྡེ་ཡི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། དྲུག་ནས་གནས་ཚུལ་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ནས། རིགས་བགར་མཛུབ་སྟོན་བྱེད་པ་དང་རིམ་པ་བཞིན་བྱ་བ་སྤེལ་ནས། བཙན་ཤེད་བཀའ་འབེབས་བྱེད་མི་རུང་ཟེར།

བརྡ་སྦྱོར་ནང་ད་དུང་རྩ་འཛུགས་འགོ་ཁྲིད་དང་ལས་འགན་གཙོ་བོ། དཔུང་སྡེ་འཛུགས་སྐྲུན། འགན་སྲུང་བྱེད་ཐབས། དཔྱད་ཞིབ་ལྟ་སྐུལ་སོགས་ཐད་ནས་བཀོད་སྒྲིག་ཞིབ་མོ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།