ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་གྲོལ་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2019-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་༡༣པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་༨པ་སྤྱི་ཚེས་༢༨ཉིན་པེ་ཅིན་དུ་གྲོལ་བ་དང་གྲོས་ཚོགས་ཐོག་མི་དམངས་ཀྱི་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོ་གཉེར་རྒྱུའི་བརྗོད་དོན་གཙོ་བོར་གཞིགས་ནས་གྲོས་མོལ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་ཡང་གིས་མཇུག་འགྲིལ་གྲོས་ཚོགས་གཙོ་སྐྱོང་གནང ་བ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད། 

དབང་ཡང་གིས། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཞིག་རེད། མི་དམངས་ཀྱི་ཆེད་དུ་སློབ་གསོ་གཉེར་བ་དང་མི་དམངས་ཀྱི་བླི་ཡིད་ཚིམས་པའི་སློབ་གསོ་གཉེར་རྒྱུ་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་གལ་ཆེའི་མངོན་ཚུལ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠སོང་རིང་། རང་རྒྱལ་གྱི་སློབ་གསོའི་བྱ་གཞག་གིས་ལོ་བཅུ་ཕྲག་ཁ་ཤས་ནང་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་འཕེལ་རིམ་འགྲིམས་ནས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་ཅིག་བཙུགས་པ་དང་སྤྱི་ཡོངས་གོང་འཕེལ་ཆུ་ཚད་འཛམ་གླིང་ཐོག་མདུན་གྲལ་དུ་བསྐྱོད་ཅིང་སློབ་གསོ་མྱོང་རྒྱུ་ཡོད་པ་དང་སློབ་གསོར་རིགས་མི་དབྱེ་བའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ཕུག་བསམ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། དོན་དངོས་ཐོག་ནས་ར་སྤྲོད་ཐུབ་གསལ་ལ། ཀྲུང་གོའི་གུང་ཁྲན་ཏང་གི་ཤུགས་ཆེའི་འགོ་ཁྲིད་འོག་གཞི་ནས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་གྲུབ་འབྲས་དེ་ལྟར་ཐོབ་སྲིད་ཅེས་ནན་སྟོན་གནང་ཡོད་པ་རེད།

དབང་ཡང་གིས། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་གྱི་སྤྱི་ཚོགས་འགལ་ཟླ་གཙོ་བོར་འགྱུར་ལྡོག་གསར་པ་བྱུང་ཞིང་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་སྤུས་ལེགས་གཙོ་བོའི་དགོས་མཁོ་དང་སློབ་གསོའི་བྱ་གཞག་གོང་འཕེལ་གྱི་དོ་མི་མཉམ་པ་དང་འཐུས་ཚང་མེད་པའི་བར་གྱི་འགལ་ཟླ་སྔར་བས་མངོན་བསལ་དོད་དུ་ཕྱིན་ཡོད། མི་དམངས་ཀྱི་བློ་ཡིད་ཚིམས་པའི་སློབ་གསོ་གཉེར་རྒྱུ་དེ་སྔར་བཞིན་ལམ་ཐག་རིང་བ་དང་ལས་འགན་ལྕི་པོ་རེད། སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་གལ་ཆེའི་རྣམ་བཤད་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཏང་གིས་སློབ་གསོའི་བྱ་གཞག་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་ཐོག་ནས་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་སློབ་གསོའི་རྩ་བའི་ལས་འགན་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་རབས་ནས་མི་རབས་བར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། ནུས་ཤུགས་གང་ཡོད་བཏོན་ནས་སློབ་གསོ་འདྲ་མཉམ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་ཀྱི་ཧེ་དཔག་རིམ་བཞིན་སེལ་ནས་ཕྲུ་གུ་ཚང་མ་སློབ་གྲྭར་འགྲོ་ཐུབ་པ་དང་སློབ་མཚམས་མི་ཆད་པ་བྱེད་དགོས། ཀུན་སྤྱོད་དང་ཤེས་རིག གཟུགས་པོ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་གསོ་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུའི་ཐད་འབད་བརྩོན་བྱས་ནས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས། དགེ་རྒན་དཔུང་ཁག་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དགེ་རྒན་གྱི་ཐོབ་ཐང་དང་སྤྱི་ཚོགས་གནས་བབ་མཐོ་རུ་གཏོང་བ། དགེ་རྒན་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱེད་པ། རྟ་འཁྱུར་གནོད་པའི་རྟ་ངན་ལ་ཆད་པ་ནན་པོ་གཅོད་དགོས་ཞེས་གསུངས་ཡོད་པ་རེད།

དབང་ཡང་གིས། མི་དམངས་ཀྱི་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོ་གཉེར་བར་་སྤྱི་ཚོགས་རྨང་གཞི་ནི་སྤྱི་ཚོགས་ཡོངས་དང་ཁྱིམ་ཚང་ཚང་མས་ཚན་རིག་དང་མཐུན་པའི་སློབ་གསོའི་ལྟ་བ་དང་འཚར་ལོངས་ལྟ་བ་རིམ་བཞིན་འཛུགས་པ་དང་སློབ་གསོའི་དམིགས་ཡུལ་དང་ནང་དོན་ལ་བསམ་ཤེས་ཡང་དག་བྱེད་དགོས། སྲིད་གྲོས་ཨུ་ཡོན་ཚོས་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་དོགས་སེལ་གསལ་འགྲེལ་དང་ཐུན་མོང་ངོས་འཛིན་གཅིག་འདུས་བྱེད་པའི་ལས་ཀ་མང་ཙམ་བྱེད་པ། རྒྱ་ཆེའི་མང་ཚོགས་ལ་མི་དམངས་ཀྱི་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོ་གཉེར་རྒྱུར་སྔར་བས་ཁྱོན་ཡོངས་དང་དྲང་པོ་དྲང་བཞག སྟངས་འཛིན་བཅས་ཀྱི་ངོས་འཛིན་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་འདུག

གྲོས་ཚོགས་ཐོག་སྲིད་གྲོས་སྐབས་༡༣པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་གྲོས་འཆམ་བྱས་པ་དང་བློ་མཐུན་ཧའོ་མིང་ཅིང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་སློབ་སྤྱིར་བསྐོ་བཞག་བྱས་པ། ལས་དོན་ལ་འགྱུར་བ་བྱུང་བའི་དབང་གིས་བློ་མཐུན་ཡན་ཅུན་ཆིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་སློབ་སྤྱིའི་འགན་མི་བཞེས་རྒྱུ། བློ་མཐུན་ཁྲེ་ཅན་གྱིས་སྲིད་གྲོས་སྐབས་༡༣པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་འགན་དགོངས་ཞུ་གནང་རྒྱུའི་རེ་བ་དང་ལེན་ཞུས་ཡོད་པ་རེད།མཇུག་འགྲིལ་གྲོས་ཚོགས་སྐོང་ཚོགས་མ་བྱས་གོང་དུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལོ་ཝུན་གྱིས་གདན་ཞུ་ལྟར་འགོ་བརྗོད་དུ་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠སོང་ཚུན་གྱི་རང་རྒྱལ་གྱི་བཟོ་ལས་མ་ལག་འཛུགས་སྐྲུན་གནས་ཚུལ་དང་མདུན་ལྗོངས་ཞེས་འཁོད་པའི་འཆད་འཁྲིད་གནང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།