ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124933687_15669974829661n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཚེས་ཉེར་བརྒྱད་ཉིན་པེ་ཅིན་ནས་གྲོལ། གྲོས་ཚོགས་སྟེང་མི་དམངས་ཡིད་ཚིམ་པའི་སློབ་གསོ་བཟང་པོར་སྒྲུབ་པ་བརྗོད་དོན་དུ་བྱས་ཏེ་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུ་གྲོལ་བའི་མཛད་སྒོར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་ནན་གྱིས་བསྟན་དོན། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། མི་དམངས་ཀྱི་ཆེད་དུ་སློབ་གསོ་སྒྲུབ་པ་དང་མི་དམངས་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པ་ནི། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་མཚོན་རྟགས་གལ་ཆེན་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་ལ། རང་རྒྱལ་གྱི་སློབ་གསོའི་ལས་དོན་དེ་ལོ་བཅུ་ཕྲག་གི་རིང་ལ་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ལོ་བརྒྱ་ཕྲག་འགའ་ལ་བརྒྱུད་པའི་བགྲོད་ལམ་བརྒྱུད་ནས། འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོའི་མ་ལག་བཙུགས་པ་དང་། སྤྱིའི་འཕེལ་རྒྱས་ཆུ་ཚད་འཛམ་གླིང་གི་འབྲིང་རབ་ཀྱི་ཚད་དུ་སླེབས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་སྦྱངས་ན་ཁྲིད་མཁན་ཡོད་པ་དང་ཚང་མས་སློབ་གསོ་མྱོང་བའི་ཕུགས་བསམ་ཕལ་ཆེར་མངོན་དུ་གྱུར་ཡོད།

ཝང་དབྱང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོར་ཡང་འགྱུར་ལྡོག་གསར་པ་བྱུང་ཡོད། མི་དམངས་ཀྱི་ཉིན་རེར་ཇེ་ཆེར་འགྲོ་བཞིན་པའི་སྤུས་ལེགས་སློབ་གསོའི་དགོས་མཁོ་དང་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་ཆ་མི་ཚང་བའི་བར་གྱི་འགལ་བ་སྔར་ལས་འབུར་ཐོན་ཡིན་པས། མི་དམངས་ཡིད་ཚིམ་པའི་སློབ་གསོ་མངོན་དུ་འགྱུར་བར་ལས་འགན་ལྕི་ཞིང་ལམ་ཐག་རིང་བར་བརྟེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས་ནས། ཏང་གིས་སློབ་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས། སྤྱོད་བཟང་མི་བཟང་སྐྱོང་བ་དེ་སློབ་གསོའི་རྩ་བའི་ལས་འགན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་རབས་མང་པོ་ཧུར་ཐག་གིས་གསོ་སྐྱོང་བྱེད་དགོས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། མི་དམངས་ཡིད་ཚིམ་པའི་སློབ་གསོ་བཟང་པོར་སྒྲུབ་པའི་སྤྱི་ཚོགས་རྨང་གཞི་ནི་སྤྱི་ཚོགས་ཡོངས་དང་ཁྱིམ་ཚང་ཀུན་གྱིས་ཚན་རིག་དང་མཐུན་པའི་སློབ་གསོའི་ལྟ་བ་དང་འཚར་ལོངས་ལྟ་བ་བཙུགས་ཏེ། སློབ་གསོའི་དམིགས་ཡུལ་དང་ནང་སྙིང་ལ་རྒྱུས་ལོན་ཡང་དག་བྱེད་རྒྱུ་དེ་ཡིན། སྲིད་གྲོས་ཨུ་ཡོན་གྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་སྲིད་ཇུས་རྒྱ་ཆེར་དྲིལ་སྒྲོག་བྱེད་པ་དང་། དོགས་གནད་སེལ་བ་དང་ལྟ་བ་གཅིག་སྡུད་ཀྱི་བྱ་བ་མང་ཙམ་སྒྲུབ་ནས། རྒྱ་ཆེའི་མང་ཚོགས་ཀྱིས་མི་དམངས་ཡིད་ཚིམ་པའི་སློབ་གསོ་བཟང་པོར་སྒྲུབ་པར་སྔར་ལས་ཆ་ཚང་ཞིང་གནས་ལུགས་དང་མཐུན་ལ། རང་གཅུན་ཐུབ་པའི་གོ་བ་ལེན་པར་ཁྲིད་སྟོན་བྱེད་དགོས།

གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལ་གྲོས་འཆམ་བྱུང་ནས། བློ་མཐུན་ཧའོ་མེན་ཅིན་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གླིང་གཙོར་བདམས་ལ། བྱ་བར་འགྱུར་ལྡོག་བྱུང་བའི་དབང་གིས་བློ་མཐུན་ཡན་ཅིན་ཆི་ཡིས་ད་ནས་བཟུང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གླིང་གཙོའི་འགན་ཁུར་རྒྱུ་མ་རེད། དེས་མི་ཚད་བློ་མཐུན་ཁྲི་ཅན་གྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་མི་ཁུར་བའི་རེ་ཞུ་དང་ལེན་བྱས།

ཚོགས་འདུ་གྲོལ་བའི་མཛད་སྒོའི་སྔོན་ལ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལོ་ཝུན་གྱིས་གདན་དྲངས་པ་ལྟར་ཁ་ཡིག་ལ་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་རིང་གི་རང་རྒྱལ་གྱི་བཟོ་ལས་མ་ལག་འཛུགས་སྐྲུན་གྱི་གནས་བབ་དང་སྔོན་དཔག་ཅེས་པའི་འཆད་ཁྲིད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།