ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འཁོར་རྒྱུག་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འཁོར་རྒྱུག་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་ལ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《བསམ་འཆར》ནང་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཁོར་རྒྱུག་འཕེལ་རྒྱས་དང་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། འཁོར་རྒྱུག་འཕེལ་རྒྱས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཚོང་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ནང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བ། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། 《བསམ་འཆར》ནང་འཛད་སྤྱོད་ཀྱི་སྔོན་དཔག་དམིགས་ཚད་བརྟན་པོ་དང་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་20བཏོན་ཡོད། དེའི་ནང་དོན་གཙོ་བོ་ནི་གཤམ་གསལ་ཏེ།

གཅིག་ནས་འཁོར་རྒྱུག་འཕེལ་རྒྱས་གསར་གཏོད་བྱ་རྒྱུ་ཡིན་ཞིང་། བསྟུན་མཁས་གཟབ་ནན་གྱི་ལྟ་སྐུལ་དོ་དམ་ལག་བསྟར་བྱས་ཏེ་འཁོར་རྒྱུག་གི་ལས་རྣམ་གསར་པ་དང་བྱེད་ཐབས་གསར་པ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། སྲོལ་རྒྱུན་གྱི་འཁོར་རྒྱུག་ཁེ་ལས་ལ་སྐུལ་འདེད་བཏང་སྟེ་གསར་གཏོད་དང་ཕྱོགས་སྒྱུར་རིམ་སྤོར་བྱས་ནས་གྲོང་ཁྱེར་གྱི་འཆར་འགོད་དང་། རྨང་གཞིའི་འཛུགས་སྐྲུན་ལེ་ལག་ཚང་སྒྲིག ས་སྤྱོད་འགན་ལེན་སོགས་ཐད་རྒྱབ་སྐྱོར་བྱ་རྒྱུ། ཚོང་ལས་རྐང་ཐང་ཁྲོམ་གཞུང་སྒྱུར་བཀོད་རིམ་སྤོར་བྱས་ཏེ་རྐང་ཐང་ཁྲོམ་གཞུང་གི་རྨང་གཞིའི་སྒྲིག་བཀོད་དང་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་སོགས་ཐད་རྒྱབ་སྐྱོར་བྱ་རྒྱུ། སྡེ་ཁུལ་དམངས་ཕན་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་གསར་རྙིང་སྒྱུར་བཀོད་ཁྱབ་ཁོངས་ནང་བཅུག་སྟེ་ཤང་དང་གྲོང་རྡལ་ལྟེ་བར་བྱེད་པའི་གྲོང་གསེབ་ཀྱི་འཁོར་རྒྱུག་ཞབས་ཞུའི་དྲ་བ་ཞིག་གྲུབ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཞིང་ཞོར་ཐོན་རྫས་གྲང་ཕྲེང་ཟོག་འགྲེམས་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ཞིང་ཞོར་ཐོན་རྫས་ཀྱི་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་གྱི་ལས་སྣོན་བཟོ་སྐྲུན་ཁེ་ལས་ཀྱིས་ས་ཁོངས་ནང་ཁུལ་དང་ལྗོངས་ཕྱིས་མངགས་བཅོལ་བྱས་པའི་ལས་སྣོན་ལས་སྒོ་དང་ལེན་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་ཁང་ནས་སིལ་ཚོང་ནང་འདྲེན་བྱེད་པའི་ཚོང་ཟོག་གི་གསལ་ཐོ་དུས་ཚོད་དམ་འཛིན་གྱིས་ལེགས་སྒྲིག་དང་རྒྱ་ཆེར་གཏོང་རྒྱུ་དང་།

གཉིས་ནས་འཛད་སྤྱོད་ཆེ་རིགས་སྐྱེད་སྲིང་བྱ་རྒྱུ་ཡིན་ཞིང་། རླངས་འཁོར་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཉོ་སྒྲུབ་ཚོད་འཛིན་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་རིམ་བཞིན་རྒྱ་ཆེར་རམ་ཡང་ན་མེད་པ་བཟོ་རྒྱུ་འཚོལ་ཞིབ་ཁྱབ་གདལ་བཏང་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ལག་བརྒྱུད་རླངས་འཁོར་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། ལྗང་མདོག་རིག་ནུས་ཚོང་ཟོག་རྙིང་ཚབ་གསར་བརྗེས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་མཚན་མོའི་ཚོང་ལས་དང་གུང་གསེང་འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་དོད་དུ་བཏང་ནས་འགྲིམ་འགྲུལ་དང་། བདེ་འཇགས། བྱེད་སྒོ་སྤེལ་ཡུལ་གྱི་སྒྲིག་ཆས་སོགས་ལེ་ལག་ཚང་བའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤུས་རྟགས་ཚོང་ཟོག་གི་ཚོང་གཉེར་ལས་སྟེགས་བསྐྲུན་ཏེ་ཀྲུང་ཧྭའི་སྤུས་རྟགས་རྙིང་པར་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ།

གསུམ་ནས“གློད་སྡོམ་ཞབས་གསུམ”སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་ཡིན་ཞིང་། མུ་འབྲེལ་སྟབས་བདེའི་ཚོང་ཁང་འཕེལ་རྒྱས་མགྱོགས་མྱུར་བཏང་སྟེ། ཟས་རིགས་གཉེར་སྐྱོང་ཆོག་པའི་ཆ་རྐྱེན་ལེགས་སུ་གཏོང་ཐབས་འཚོལ་ཞིབ་དང་། དཔེ་དེབ་དང་། ཚགས་པར། དུས་དེབ་བཅས་ཀྱི་འགྲེམས་སྤེལ་བྱེད་པའི་ཞིབ་མཆན་འགོད་པའི་རེ་བ་དམའ་རུ་གཏོང་བ། ས་གནས་ཀྱིས“ལག་ཁྱེར་གཅིག་གནས་མང་ལ”ཐོ་འགོད་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཐ་མ་དང་ཁ་པའི་རིགས་ཀྱི་སྨན་ཐོ་མི་དགོས་པའི་སྨན་གཉེར་སྐྱོང་བྱེད་པའི་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བའི་ཚོད་ལྟ་བྱ་རྒྱུ། རྡོ་སྣུམ་དང་བཅོས་སྣུམ་སྡེབ་འཚོང་མཛོད་ཉར་གཉེར་སྐྱོར་བྱེད་པའི་ཐོབ་ཐང་གི་ཞིབ་མཆན་མེད་པ་བཟོས་ཏེ་བཅོས་སྣུམ་སིལ་ཚོང་གཉེར་སྐྱོང་ཐོབ་ཐང་གི་ཞིབ་མཆན་གཤམ་སྤྲོད་བྱ་རྒྱུ།

བཞི་ནས་ནོར་ཁྲལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། འཁོར་རྒྱུག་ཁེ་ལས་ཀྱི་མ་གནས་དམའ་རུ་བཏང་སྟེ་བཟོ་ཚོང་གློག་སྤྱོད་རིན་གོང་གཅིག་མཚུངས་དང་། སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱོགས་སྡོམ་ཁྲལ་འཇལ་སྲིད་ཇུས་སྔར་བས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཁྲལ་མ་འཇལ་གོང་དུ་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་བྱེད་པའི་སྲིད་ཇུས་སྤྱོད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་ཞིབ་འཇུག་བྱས་ཏེ་ནུས་པ་ཆེ་བའི་ཟོག་འགྲེམས་སྒྲིག་ཆས་ནང་འདྲེན་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

ལྔ་ནས་ཁྲོམ་རའི་འཁོར་རྒྱུག་གི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། འཛད་སྤྱོད་ཡིད་སྟོན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་དྲ་ཐོག་དང་དྲ་ཕྱིའི་དབང་གནོད་ཚོང་ཟོག་རྫུས་མ་འཚོང་བ་དང་། བརྡ་ཁྱབ་རྫུས་མ་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་ཁེ་ལས་ལ་རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག་པའི་ལམ་ལུགས་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།