ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལེ་པོ་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124929067_15669163279311n.jpg

ཟླ8པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བར་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལེ་པོ་ཧྥུའུ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཨ་ལེ་པོ་ཧྥུའུ་ལ་དགའ་བསུ་ཞུ་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བར་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལེ་པོ་ཧྥུའུ་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་སྲོལ་རྒྱུན་མཛའ་བརྩེའི་ལོ་རྒྱུས་རིང་པོ་ཡོད། ཕྱོགས་གཉིས་བར་འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱས་པས། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འབྲེལ་བ་དང་མཉམ་ལས་རྒྱུན་ཆད་མེད་པར་གོང་འཕེལ་དུ་སོང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུས་ཨར་ཅི་ཡེའོ་ཡེ་ཧྥུའུ་གཉིས་ཀྱིས་ཐེངས་མང་པོར་མཇལ་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་གསར་བ་རུ་གོང་འཕེལ་དུ་བཏང་ཡོད། ཀྲུང་གོས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཉོ་འཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རང་ས་ཁུལ་ཡུན་རིང་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་འབྱུང་བར་སྒུལ་ཤུགས་སྣོན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་དཔལ་འབྱོར་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་། དངོས་གཉེར་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེ། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་ཕན་ཚུན་སྦྲེལ་མཐུད་བྱས་ཏེ། ཐོན་ནུས་དང་མཉམ་འབྲེལ་མཉམ་གཏོང་། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ནས། ཕྱོགས་གཉིས་ཀྱི་ནུས་ཁུངས་མཉམ་ལས་ཀྱི་གཏན་འཇགས་རང་བཞིན་ལ་ཁག་ཐེག་བྱེད་རྒྱུ་ཡིན། ཀྲུང་གོས་ཕྱོགས་གཉིས་ཀྱི་ཉོ་འཚོང་གཞི་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ཀྲུང་གོའི་ཁྲོམ་རའི་དགོས་མཁོར་འཚམ་པའི་ཁྱད་ཆོས་ཅན་གྱི་ཐོན་རྫས་ནང་འདྲེན་བྱེད་འདོད་ཡོད་ལ། སྟོབས་ཤུགས་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱི་སྒྲིག་སྲོལ་དང་ཚོང་ལས་ཀྱི་རྩ་དོན་གཞིར་བཟུང་ནས་ཝུའུ་ཙི་པེ་ཁི་སི་ཐན་ལ་དངུལ་གཏོང་ལས་སྤེལ་བྱེད་དུ་འགྲོ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཙི་པ་ཁི་སི་ཐན་ཕྱོགས་ཀྱིས་དེར་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ནི་ང་ཚོའི་རེ་བ་ཡིན། ང་ཚོས་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་རིག་གནས་དང་ཡུལ་སྐོར། མཐོ་རིམ་སློབ་གྲྭ་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཡར་སྐུལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

ཨ་ལེ་པོ་ཧྥུའུ་ཡིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཀྲུང་གོས་འཕེལ་རྒྱས་ཐད་ནས་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་བླངས་ཡོད་ལ། ས་ཁུལ་དང་འཛམ་གླིང་གི་གཏན་འཇགས་དར་རྒྱས་ཐད་བྱས་རྗེས་ལེགས་པོ་བཞག་ཡོད། ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཆུ་ཚད་མཐོ་བའི་འཐབ་ཇུས་གྲོས་མོལ་སྲུང་འཛིན་བྱས་པ་དང་། དངོས་གཉེར་མཉམ་ལས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་ལ། ཕྱོགས་གཉིས་ཀྱི་ཉོ་འཚོང་དང་དངུལ་གཏོང་གཏན་འཇགས་ཀྱིས་འཕར་བ་དང་། མི་ཆོས་བརྗེ་རེས་གོང་འཕེལ་དུ་སོང་ཞིང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་རོགས་ལས་དམ་པོ་བྱས། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་མུ་མཐུད་དུ་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་ཁྲོད་དུ་ཟབ་ཞུགས་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ལ་མ་དངུལ་གཏོང་ཚད་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་པ་རུ་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།

གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཨ་ལེ་པོ་ཧྥུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆི་པའོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥེང་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།