རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་དུ་བཙུགས་པའི་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་དྲུག་གི་སྤྱི་ཁོག་གི་ཇུས་གཞིའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་ཧྲན་ཏུང་དང་ཅང་སུའུ། ཀོང་ཞི། ཧི་པེ། ཡུན་ནན། ཧེ་ལུང་ཅང་བཅས་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤྱི་ཁོག་གི་ཇུས་གཞི་འགྲེམ་སྤེལ་བྱས།

སྤྱི་ཁོག་གི་ཇུས་གཞིའི་ནང་བསྟན་དོན། ཧྲན་ཏུང་དང་ཅང་སུའུ། ཀོང་ཞི། ཧི་པེ། ཡུན་ནན། ཧེ་ལུང་ཅང་བཅས་ཞིང་ལྗོངས་དྲུག་ཏུ་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་རྒྱུ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཇུས་ཆོད་གལ་ཆེན་དང་། དུས་རབས་གསར་བར་བཅོས་བསྒྱུར་སྒོ་འབྱེད་སྤེལ་བའི་འཐབ་ཇུས་བྱེད་ཐབས་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། རང་འགུལ་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྤྱི་ཁོག་གི་འཐབ་ཇུས་བཀོད་སྒྲིག་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུས་ཏེ། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་དེ་དུས་རབས་གསར་བའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་མཐོ་གནས་གསར་བ་རུ་འཛུགས་སྐྲུན་བྱེད་དགོས་ཟེར།

སྤྱི་ཁོག་གི་ཇུས་གཞིའི་ནང་བསྟན་དོན། ཁྱད་པར་ལྡན་པའི་བཅོས་བསྒྱུར་གྱི་ཚོད་ལྟ་ལས་འགན་སྣ་ཚོགས་བཏོན་ཡོད་དེ། ཧྲན་ཏུང་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་ཉོ་ཚོང་གི་ལས་རྣམ་གསར་བ་དང་མ་དཔེ་གསར་བ་སྐྱེད་སྲིང་བྱེད་པ་དང་། མཚོ་ནང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཀྲུང་གོ་དང་འཇར་པན། ཧན་གོ་གསུམ་གྱི་ས་གནས་དཔལ་འབྱོར་མཉམ་ལས་ཐད་འཚོལ་ཞིབ་བྱེད་པ་སོགས་ཕྱོགས་ཀྱི་བྱེད་ཐབས་ཆ་ཚང་བཏོན། ཅང་སུའུ་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་རྒྱལ་ཁོངས་མངའ་ཁོངས་ཕྱིའི་དངུལ་གཏོང་མཉམ་ལས་ཆུ་ཚད་མཐོར་འདེགས་གཏོང་བ་དང་དངུལ་རྩས་དངོས་ཕུང་དཔལ་འབྱོར་ཐད་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཕྱོགས་ཀྱི་བྱེད་ཐབས་ཆ་ཚང་བཏོན། ཧི་པེ་རང་དབང་ཉོ་ཚང་ཚོད་ལྟ་ཁུལ་གྱིས་རྒྱལ་སྤྱིའི་ཚོང་རྫས་ཉོ་ཚོང་ཆེན་པོ་སྤེལ་བ་དང་སྐྱེས་དངོས་གསོ་རིག་དང་ཚེ་སྲོག་བདེ་འཇགས་ཐོན་ལས་ཀྱི་སྒོ་འབྱེད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཕྱོགས་ཀྱི་བྱེད་ཐང་ཆ་ཚང་བཏོན། ཡུན་ནན་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་ཚན་རྩལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྤེལ་ཤུགས་ཆེ་རུ་གཏོང་བ་སོགས་ཕྱོགས་ཀྱི་བྱེད་ཐབས་ཆ་ཚང་བཏོན་ཡོད་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།