ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་ཆེད། ད་ལོའི་ཟླ10ཚེས1ཉིན་གྱི་སྔ་རྗེས་སུ་པེ་ཅིང་གིས་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་ངང་སྤེལ་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་བཅར་འདྲིར་ཡོང་རྒྱུར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་པེ་ཅིང་མའེ་ཏི་ཡཱ་ལྟེ་གནས་སུ་བཙུགས་པ་དང་ཟླ9ཚེས23ཉིན་དངོས་སུ་སྤྱོད་རྒྱུ་རེད། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་བཅར་འདྲི་བྱ་རྒྱུར་སྟབས་བདེ་སྐྲུན་ཆེད། གསར་འགྱུར་ལྟེ་གནས་ཀྱིས་རྟེན་འབྲེལ་བྱེད་སྒོར་བཅར་འདྲིར་ཕེབས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་སྣེ་ལེན་ཞུ་རྒྱུའི་འགན་འཁུར་ཏེ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྒྲིག་འཛུགས་བྱེད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་བཅར་འདྲིའི་བྱེད་སྒོར་འབྲེལ་བ་དང་བཀོད་སྒྲིག་བྱེད་པ་མ་ཟད། གསར་འགྱུར་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་ཚིགས་དང་སྐད་འཕྲིན་སྤྱི་རྟགས་བཙུགས་ནས་གསར་འགོད་པས་རྟེན་འབྲེལ་བྱེད་སྒོར་བཅར་འདྲི་དང་གནས་ཚུལ་གཏོང་སྤེལ་ལ་དགོས་ངེས་ཀྱི་ཆ་འཕྲིན་ཞབས་ཞུ་དང་ལག་རྩལ་གྱི་འགན་ལེན་མཁོ་འདོན་བྱ་རྒྱུ་རེད།
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གསར་འགོད་པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གསར་འགོད་པ། ཐའེ་དབན་ས་ཁུལ་གྱི་གསར་འགོད་པ། དེ་བཞིན་ཕྱི་རྒྱལ་གྱི་གསར་འགོད་པ་བཅས་ལ་སྟབས་བདེ་སྐྲུན་ཆེད། བཅར་འདྲིའི་ཞུ་ཡིག་གོང་འབུལ་ཞུས་པ་དང་། ཚོགས་ཆེན་ཐོག་གསར་འགོད་པའི་ཐོ་འགོད་མ་ལག(http∶//reg70prc.zgjx.cn)ཤར་གཏོང་བྱས་ཡོད་པས་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གསར་འགོད་པ་དང་ཕྱི་རྒྱལ་གྱི་གསར་འགོད་པས་མ་ལག་དེ་བརྒྱུད་ཐོ་འགོད་དང་རེ་ཞུ་བྱེད་ཆོག་གི་ཡོད། བཅར་འདྲིའི་རེ་ཞུ་བདག་སྤྲོད་བྱེད་པའི་དུས་ཚོད2019ལོའི་ཟླ8ཚེས22ཉིན་ནས2019ལོའི་ཟླ9ཚེས8ཉིན་བར་ཡིན། །