ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་གྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་དུ་འཛིན་དཔང་དབྱེ་ཕྲལ་བཅོས་སྒྱུར་ཡོངས་སུ་ཁེབས་པར་བྱེད་པའི་ཚོད་ལྟ་བྱེད་ཡུལ་གཏན་འཁེལ་བྱས་ཤིང་། རྒན་གསོ་ཞབས་ཕྱིའི་འདོན་སྤྲོད་རྒྱ་བསྐྱེད་དེ་རྒན་གསོ་ཞབས་ཕྱིའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་པ་དང་། ཕག་གསོ་བ་དང་ཕག་ཤ་འདོན་སྤྲོད་འགན་སྲུང་དང་རིན་གོང་བརྟན་འཇགས་བྱེད་ཐབས་གཏན་ལ་ཕབ།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། དབང་གཏོང་དོ་དམ་ཞབས་ཕྱིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་འཛིན་དཔང་དབྱེ་ཕྲལ་ལ་སྐུལ་འདེད་གཏོང་བ་དང་། ཚོང་རར་ཞུགས་ཆོག་ཀྱང་ཚོང་གཉེར་བྱེད་མི་ཆོག་པའི་འབུར་ཐོན་གནད་དོན་ཐག་གཅོད་རྒྱུ་དེ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་པར་ཕན་པ་ཡོད་པ་དང་ལས་ཞུགས་བརྟན་འཇགས་ཀྱི་ནུས་ལྡན་བྱེད་ཐབས་ཡིན་ཟེར། ཚོགས་ཐོག་ནས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་དུ་འཛིན་དཔང་དབྱེ་ཕྲལ་བཅོས་སྒྱུར་ཡོངས་སུ་ཁེབས་པར་ཚོད་ལྟ་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། རྒན་གསོ་ཞབས་ཕྱི་འཕེལ་རྒྱས་སུ་གཏོང་བ་ནི་ལོ་ལོན་ཅན་ལ་དམིགས་པ་དང་ལོ་ལོན་གྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། གཅིག་ནས་གཞིས་ཁུལ་འཕེལ་རྒྱས་ལ་གཞིས་ཁྱིམ་རྨང་གཞི་ཡིན་པའི་རྒན་གསོ་ཞབས་ཕྱི་ལ་བརྟེན་ནས་བཟའ་བཏུང་རོགས་སྐྱོར་དང་སྨན་བཅོས་རོགས་སྐྱོར། འགྲོ་འདུག་རོགས་སྐྱོར། དག་གཙང་རོགས་སྐྱོར་སོགས་འདོན་སྤྲོད་བྱེད་དགོས། གཉིས་ནས་སྤྱི་ཚོགས་སྟོབས་ཤུགས་སྐུལ་སློང་བྱས་ཏེ་ལོ་ལོན་རྣམས་ཀྱིས་འཛད་སྤྱོད་བྱེད་འོས་པའི་གནས་སྐོར་དང་ལུས་གསོ་སོགས་ཀྱི་ཞབས་ཕྱི་འཕེལ་རྒྱས་སུ་གཏོང་དགོས། གསུམ་ནས་ཚོང་ལས་རྒན་གསོ་ཉེན་ཚབ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་ཐད་ནས་དཀའ་ཁག་ཆེ་བའི་ལོ་ལོན་དང་ནུས་པ་མེད་པའི་ལོ་ལོན་ལ་དུས་ཡུན་རིང་བོར་བདག་གཉེར་བྱེད་པར་ཤུགས་སྣོན་དགོས། བཞི་ནས་རྒན་གསོ་ཐོན་རྫས་དངཁ་ཞབས་ཕྱིའི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས། ལོ་ལོན་རྣམས་ཀྱི་ཁེ་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཕག་གསོ་བ་དང་ཕག་ཤ་འདོན་སྤྲོད་འགན་སྲུང་དང་རིན་གོང་བརྟན་འཇགས་བྱེད་ཐབས་གཏན་འཁེལ་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།