ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་ཐེངས་དགུ་བ་པེ་ཅིན་ནས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་ཐེངས་དགུ་བ་ཚེས་ཉེར་གཅིག་ཉིན་པེ་ཅིན་ནས་བསྡུས། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་། ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་ཁང་ཅིན་ཧི་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧེ་ཡེ་ཐེ་ལིང་གཉིས་གྲོས་ཚོགས་ལ་ཞུགས།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་ཀྱི་ལོ་ངོ་ཉི་ཤུའི་བརྒྱུད་རིམ་བློ་འབྱེད་ནི། ཕན་ཚུན་བར་གྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ན་མཉམ་ལས་གཞི་ནས་གཏན་འཇགས་འཕེལ་རྒྱས་ཡོང་བ་དང་། ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ན་ཕྱོགས་གཉིས་བར་གྱི་མཉམ་ལས་ལ་གཞི་ནས་སྟོབས་ཤུགས་ལྡན་པར་འགྱུར་ལ། འགལ་བ་ཐག་གཅོད་ལེགས་པོ་བྱས་ན་མཉམ་ལས་ཀྱི་ཆེ་ཕྱོགས་ལ་གཞི་ནས་འགན་སྲུང་བྱེད་ཐུབ་ཟེར།

ཝང་དབྱི་ཡིས་བསྟན་དོན། རྒྱལ་ཁབ་གསུམ་གྱིས་མཉམ་ལས་ཀྱི་ཁ་ཕྱོགས་དམ་འཛིན་བཟང་བོ་བྱས་ཏེ། ཕན་ཚུན་བར་གྱི་མཉམ་ལས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་བགྲོད་ལམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གསུམ་གྱིས་ཕྱོགས་གཉིས་བར་གྱི་འབྲེལ་བར་སྲུང་སྐྱོབ་བཟང་བོ་བྱས་ཏེ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་སེམས་ཁུར་བྱེད་པའི་གནད་དོན་གཙོ་བོར་བརྩི་འཇོག་བྱེད་པ་དང་། འབྱུང་སྲིད་པའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས། ཚན་རིག་ལག་རྩལ་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་བསྣན་ཏེ། ཧན་གོ་དང་འཇར་པན་གཉིས་ཀྱིས་རང་རང་རྒྱལ་ཁབ་ཀྱི་ཁེ་ལས་ལ་འདྲ་མཉམ་དྲང་བདེན་དང་ལྟ་ཚུལ་གཅིག་མཐུན། སྔོན་དཔག་བྱེད་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཞིག་བསྐྲུན་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཁང་ཅིན་ཧི་དང་ཧེ་ཡེ་ཐེ་ལིང་གཉིས་ཀྱིས་རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་ཧུར་ཐག་གི་སྒོ་ནས་ཡར་སྐུལ་བཏང་སྟེ། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོང་བྱེད་པར་འཐད་པ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།