ལིས་ཁི་ཆང་གིས་ཧེ་ལུང་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

1124899926_15663098091331n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་དགུ་དང་ཚེས་ཉི་ཤུ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧེ་ལུང་ཅང་ཞིང་ཆེན་གྱི་མུའུ་ཏན་ཅང་གྲོང་ཁྱེར་དང་ཧ་ཨར་པེན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ཤུགས་ཚད་ཆེན་པོས་བཅོས་སྒྱུར་སྒོ་འབྱེད་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཤར་བྱང་ས་ཁུལ་ཁྱོན་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཧེ་ལུང་ཅང་ནི་རང་རྒྱལ་གྱི་ཚོང་རྫས་འབྲུ་རིགས་ཀྱི་རྟེན་གཞི་གཙོ་བོ་ཡིན་པས། ལིས་ཁི་ཆང་མུའུ་ཏན་ཅང་གྲོང་ཁྱེར་གྱི་ནན་ལ་ཀུའུ་སྡེ་བའི་ཞིང་ཁར་ཕེབས་ཏེ་འབྲུ་རིགས་ཀྱི་རིན་གོང་དང་ཡོང་སྒོ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས། ལིས་ཁི་ཆང་གིས་གསུངས་རྒྱུར། སྔོན་ཆད་ལྷོ་ཕྱོགས་ཀྱི་འབྲུ་རིགས་བྱང་ཕྱོགས་སུ་སྐྱེལ་བཞིན་ཡོད་པ་དང་ད་ལྟ་བྱང་ཕྱོགས་ཀྱི་འབྲུ་རིགས་ལྷོ་ཕྱོགས་སུ་སྐྱེལ་བཞིན་ཡོད། ཤར་བྱང་གི་ཆ་རྐྱེན་བཟང་བའི་དབང་གིས་བཀག་རྒྱ་སྣ་ཚོགས་བསལ་ཏེ་གཞི་ཁྱོན་ཅན་གྱི་བདག་གཉེར་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྣམ་པ་རྒྱ་ཆེ་བའི་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་དུ་བཏང་ནས་མྱུར་དུ་ཞིང་ལས་དེང་རབས་ཅན་དུ་སྒྱུར་དགོས་ཟེར།

1124899926_15663098270091n.jpg

ཧ་ཨར་པེན་གྱི་དཔལ་འབྱོར་ཐོན་ལས་ས་ཁུལ་གསར་བའི་ནང་དུ་ཚན་རྩལ་རང་བཞིན་གྱི་ཁེ་ལས་འབྲིང་ཆུང་མང་པོ་འདུས་ཡོད་པ་དང་། ལིས་ཁི་ཆང་གིས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱས་པའི་གྲུབ་འབྲས་མཚམས་སྦྱོར་བྱས་པར་ཉན། ཁོང་གིས་བསྟན་དོན། ཤར་བྱང་ས་ཁུལ་ཁྱོན་ཡོངས་ནས་དར་སྤེལ་བྱེད་ན་བཅོས་སྒྱུར་སྒོ་འབྱེད་གསར་སྐྲུན་ལ་བརྟེན་དགོས་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་དགོས་པར་མ་ཟད་ས་གནས་རང་གི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་རྒྱལ་ཡོངས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་དགོས། དེ་དང་མཉམ་དུ་ཁེ་ལས་ཆེན་པོའི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བ་དང་དམངས་གཉེར་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། གསར་རྙིང་སྒུལ་ནུས་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ཧེ་ལུང་ཅང་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག བསམ་བློ་སྔར་ལས་བཅིངས་འགྲོལ་བྱེད་པ་དང་འདུ་ཤེས་བསྒྱུར་བ། ཏན་ཏན་ཏིག་ཏིག་སྒོས་བྱ་བ་བསྒྲུབ་ནས། ཤར་བྱང་དར་སྤེལ་ཁྲོད་དུ་ནུས་པ་ཆེན་པོ་འདོན་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།