ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་སྲོལ་ཡིག་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་སྲོལ་ཡིག་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་བསྒྲགས་པ་དང་། ཆོད་དོན་དེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་བྱ་བར་ཧ་ཅང་མཐོང་ཆེན་གནང་བཞི་ཡོད། ཉིས་སྟོང་བཅུ་གཅིག་ལོའི་ཟླ་བདུན་པར་བསྒྲགས་པའི་སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་སྲོལ་ཡིག་ལག་བསྟར་བྱས་པའི་ཚུན་ལ། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དྲིལ་སྒྲོག་དང་དར་སྤེལ་བྱེད་པ་དང་། སྔོན་གཤེགས་དཔའ་བོའི་ཁྱིམ་མི་འཆི་གོད་གྱང་གསབ་ཀྱི་གཟིགས་སྐྱོང་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་སྔོན་གཤེགས་དཔའ་བོ་རྗེས་སུ་དྲན་པ་དང་། སྔོན་གཤེགས་དཔའ་བོར་གོང་བཀུར་བྱེད་པ། སྔོན་གཤེགས་དཔའ་བོར་སློབ་སྦྱོང་བྱེད་པའི་སྣང་ཚུལ་ཟབ་མོ་བསྐྲུན་པ་བཅས་ཀྱི་ཐད་ལ་ནུས་པ་ལེགས་པོ་བཏོན་ཡོད།

ཐེངས་འདིར་བཟོ་བཅོས་བྱས་པའི་ནང་དོན་གཙོ་བོ་ནི་སྔོན་གཤེགས་དཔའ་བོའི་སྲུང་སྐྱོབ་དེ་ཏང་དང་རྒྱལ་ཁབ་ཀྱི་མཛད་རྗེས་གཟི་བརྗིད་གཟེངས་ལམ་ལུགས་ཀྱི་མ་ལག་ཏུ་བཀོད་པ་དེ་ཡིན་ལ། གཙོ་བོ་ཕྱོགས་གསུམ་གྱི་ཐད་ནས་མཚོན་ཡོད་དེ། གཅིག་ནི་སྔོན་གཤེགས་དཔའ་བོའི་དཔྱད་བསྡུར་གཏན་འབེབས་བརྒྱུད་རིམ་ལ་ལེགས་སྒྲིག་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་དམག་ཁོངས་ལས་བུད་པའི་དམག་མིའི་ལས་དོན་སྡེ་ཁག་གིས་སྔོན་གཤེགས་དཔའ་བོའི་མིང་ཐོ་དེ་ཏང་དང་རྒྱལ་ཁབ་ཀྱི་མཛད་རྗེས་གཟི་བརྗིད་གཟེངས་བསྟོད་བྱ་བའི་ཨུ་ཡོན་ལྷན་ཁང་ལ་སྙན་འབུལ་ཞུ་བའི་བྱ་བའི་བརྒྱུད་རིམ་ཁ་སྣོན་བྱས་པ་དང་། གཉིས་ནི་སྔོན་གཤེགས་དཔའ་བོའི་གཟི་བརྗིད་ཀྱི་ངོ་བོ་མངོན་མཚོན་བྱས་ཏེ། སྔོན་གཤེགས་དཔའ་བོའི་དཔང་ཡིག་དེ་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་གཟེངས་བསྟོད་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་མིང་གིས་བཟོས་ཏེ་སྟེར་རྒྱུར་བསྒྱུར་བ། གསུམ་ནི་སྔོན་གཤེགས་དཔའ་བོ་དང་དེའི་ཁྱིམ་མི་ལ་དད་གུས་དང་གོང་བཀུར་བྱེད་པ་མཚོན་པར་བྱས་ཏེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ལོ་རེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་བྱ་དགའ་གནང་ལེན་གྱི་མཛད་སྒོ་བསྡུས་ནས། སྔོན་གཤེགས་དཔའ་བོའི་ཁྱིམ་མི་ལ་སྔོན་གཤེགས་དཔའ་བོའི་དཔང་ཡིག་གནང་རྒྱུའི་ཐག་བཅད་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།