ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱལ་ཡོངས་ཀྱི་དཔེ་དེབ་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས་29པ་ཧྲའན་ཤིས་ཤིས་ཨན་དུ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཚེས27ཉིན། ཧྲའན་ཤིས་ཤིས་ཨན་དུ་རྒྱལ་ཡོངས་ཀྱི་དཔེ་དེབ་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས29པ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་དཔེ་དེབ་དངོས་མང་སྟོན་ཚོགས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པས་རྒྱལ་ཡོངས་ས་གནས་ཁག་གི་འགྲེམས་ཞུགས་ཚན་པ་1200ལྷག་ཙམ་གྱི་ཡིད་དབང་འཕྲོག་པར་བརྟེན་བརྗོད་དོན་གཙོ་བོའི་བྱེད་སྒོ་ཁག་502སྒྲིག་འཛུགས་བྱས་ནས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

སྐབས་འདིའི་དཔེ་དེབ་དངོས་མང་སྟོན་ཚོགས་ནི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་དང་། ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་། ཤིས་ཨན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང“ཀྲུང་གོ་གསར་པར་གུས་པས་བསྟོད། དར་གོས་ལམ་བུ་གསར་པར་དཔེ་ཀློག་གི་དྲི་བསུང་འཐུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གྲུབ་འབྲས་འགྲེམས་སྟོན་དང་། དཔེ་དེབ་འཚོང་བ། དཔར་དབང་ཉོ་ཚོང་། སྤེལ་རེས་བགྲོ་གླེང་། དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་སོགས་ཀྱི་བྱེད་སྒོ་སྤེལ་ནས་དམངས་ཡོངས་ཀྱི་དཔེ་ཀློག་གི་སྤྱི་ཚོགས་འཛུགས་སྐྲུན་ལ་སྔར་བས་སྐུལ་གཏོང་དང་དཔེ་སྐྲུན་བྱ་གཞག་དང་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ལ་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་ཡོད།

ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལེང་ཡན་ཧྲུན་གྱིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་གསུང་སྐབས། སྐབས་འདིའི་དཔེ་ཀློག་དངོས་མང་སྟོན་ཚོགས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ཏག་ཏག་འཁེལ་བས་དཔེ་དེབ་དངོས་མང་སྟོན་ཚོགས་ཡག་པོ་གཉེར་བ་ནི་རྒྱལ་ཡོངས་ཀྱི་དཔེ་སྐྲུན་འཐབ་ཕྱོགས་ཀྱིས་ཀྲུང་གོ་གསར་པ་དང་འབད་འཐབ་ཀྱི་དུས་རབས་གསར་པར་གུས་པས་བསྔགས་པའི་བྱ་སྤྱོད་ཅིག་དང་དཔེ་སྐྲུན་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ཞེས་གསུངས་པ་རེད།

འགོ་ཚུགས་མཛད་སྒོར་ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་ཀྲུང་གོ་ཟླ་བའི་འཚོལ་ཞིབ་ལས་གྲའི་ལས་ཐོག་དང་པོའི་དབུ་བཞུགས་ཚན་རིག་མཁས་ཅན་ཨོའུ་དབྱང་ཙེ་ཡོན་དང་། ཀྲུང་གོ་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཅང་ཁུན། ཀྲུང་གོ་འཁྲབ་ཁྲིད་རིག་གཞུང་སློབ་ཚོགས་ཀྱི་ཚོགས་གཙོ་ལི་ཧྲའོ་ཧུང་། ཧྲའན་ཤིས་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཅ་ཕིང་ཨའོ་སོགས་ཚན་རིག་དང་རིག་གནས་ལས་རིགས་ཀྱི་གྲགས་ཅན་མི་སྣ་མང་པོ་ཕེབས་ཡོད། 《ཀྲུང་ཧྭ་མི་སྣའི་གཏམ་རྒྱུད་ཕྱོགས་བསྡུས》ཀྱི་དཔེ་ཚོགས་དང《མཛེས་སྡུག་ལྡན་པའི་སའེ་ཧན་རགས་ཆེན》སོགས་བརྗོད་དོན་གཙོ་བོའི་དཔེ་སྐྲུན་གྱི་གསར་རྩོམ་ཕུལ་བྱུང་ཡང་གཅིག་མཇུག་གཉིས་མཐུད་ངང་བཏོན་ཡོད

དཔེ་དེབ་དངོས་མང་སྟོན་ཚོགས་རིང་ད་དུང“དཔེ་ཀློག་མི་སྣ་བཅུར”བྱ་དགའ་སྤྲོད་པ་དང་། “ཧྲ་ཧྥ་དམར་པོ”སོགས་ཀྱི་མུ་སྦྲེལ་བཅར་གླེང་། ཞིང་པའི་དཔེ་དེབ་ཁང་གི་གཙོ་གནད་དཔེ་སྐྲུན་འགྲེམས་སྟོན་བྱེད་སྒོ། དར་གོས་ལམ་བུའི་རིག་གནས་བྱ་སྤྱོད་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་གཉེར་བ་དེ་ཐོག་ནས་ཀྲུང་གོ་གསར་པའི་དཔེ་སྐྲུན་ལས་རིགས་ཀྱི་ལོ་70ཡི་རིང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་གང་ལེགས་མངོན་པ་མ་ཟད། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་མ་ཐེབས་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།