ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནག་འཇོམས་ངན་སེལ་སྐོར་ཞིབ་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་གྱི་ལྟ་ཞིབ་གནས་ཚུལ་ལ་བསམ་འཆར་བཏོན།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ནག་འཇོམས་ངན་སེལ་སྐོར་ཞིབ་ཚན་ཁག་བཅོ་བརྒྱད་པའི་ཚན་གཙོ་ཝུའུ་ཞིན་ཞུང་གིས་མཚོ་སྔོན་གྱི་ལྟ་ཞིབ་གནས་ཚུལ་ལ་བསམ་འཆར་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད། ལྟ་ཞིབ་ལེགས་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་པའི་སྐོར་ནས་གཏམ་བཤད། ཀྲུང་དབྱང་ནག་འཇོམས་ངན་སེལ་སྐོར་ཞིབ་ཚན་ཁག་བཅོ་བརྒྱད་པའི་ཚན་གཙོ་གཞོན་པ་ཏུའུ་ཝན་ཧྭ་ཚོགས་འདུར་ཞུགས།

ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་བར། ཀྲུང་དབྱང་ནག་འཇོམས་ངན་སེལ་སྐོར་ཞིབ་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས། ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འགོ་ཁྲིད་ཚན་ཆུང་གིས་ལྟ་ཞིབ་ཚན་ཁག་གི་བྱ་བའི་གནས་ཚུལ་ལ་ཆེད་དོན་ཞིབ་ཉན་བྱས་ནས། ལྟ་ཞིབ་སྙན་ཞུ་སོགས་ཀྱི་འབྲེལ་ཡོད་ཡིག་ཆར་གྲོས་མོལ་བརྒྱུད་ནས་གྲོས་འཆམ་བྱུང་། ཚན་གཙོ་ཝུའུ་ཞན་ཞུང་གིས་ཧྲུའུ་ཅི་ཝང་ཅན་ཅུན་ལ་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་དང་བློ་མཐུན་ཀའོ་ཧྲིན་ཁོན་གྱི་གཏམ་བཤད་དགོངས་དོན་བརྒྱུད་སྒྲོག་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ལྟ་ཞིབ་བྱ་བའི་བླང་བྱ་གཞིར་བཟུང་ནས། ལེགས་སྒྲིག་ཇུས་གཞི་གཏན་འབེབས་ནན་མོ་བྱེད་པ་དང་ལེགས་སྒྲིག་དངོས་འབེབས་བྱ་བ་དམ་པོར་འཛིན་པ། ལྟ་ཞིབ་བྱ་བའི་གྲུབ་འབྲས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཕན་འབྲས་དངོས་ལ་བསྒྱུར་བར་འབད་འབུངས་བྱེད་དགོས་པའི་སྐོར་ནས་བླང་བྱ་བཏོན། ལྟ་ཞིབ་ཚན་ཁག་གིས་མཚོ་སྔོན་ཞིང་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་ཞིབ་སྙན་ཞུ་ཞེས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ལེགས་སྒྲིག་གནད་དོན་རྩིས་ཐོ། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་ཞིབ་གནད་དོན་གྱི་གྲོས་འདོན་མིང་ཐོ་ཞེས་པ་བཅས་རིམ་པར་བརྒྱུད་སྤྲོད་བྱས།

ཝུའུ་ཞན་ཞུང་གིས་བསྟན་དོན། ཀྲུང་དབྱང་གིས་བཀོད་སྒྲིག་བྱས་ཏེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་གྱི་མཆན་བཀོད་དགོངས་དོན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེས་མཐར་ཕྱིན་བྱས་ནས། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་བཏང་བ་དང་སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབས་ཏེ། ཆེད་དོན་འཐབ་རྩོད་འདི་ཉིད་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ལས་དོན་སྤྱིའི་ཁྲོད་འབུར་དུ་ཐོན་པར་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་རྩ་འཛུགས་བཀོད་སྒྲིག་ཞིབ་ཚགས་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མའི་རང་རྒྱུད་ལ་ཏང་སྲིད་ཀྱིས་སྣེ་ཁྲིད་བྱེད་པའི་འགན་འཁྲི་གཙོ་བོ་དང་སྲིད་ཁྲིམས་མཉམ་སྡེབ་ཀྱིས་དམག་འཐབ་བྱེད་པ། སྡེ་ཁག་ཕན་ཚུན་མཉམ་སྡེབ་བྱེད་པ་བཅས་ཀྱི་བྱ་བའི་རྣམ་པ་གྲུབ་པར་མ་ཟད། གྱོད་གཞི་གཙོ་བོའི་མཁྲེགས་གཏོར་ལ་ཤུགས་སྣོན་བརྒྱབ་པ་དང་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་པ། ལྟ་སྐུལ་དང་ལེགས་སྒྲིག་བྱེད་ཞོར་བྱེད་པའི་རྣམ་པར་དོ་སྣང་བྱས་པ། ཆེད་དོན་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་ས་ནས་ཟབ་སར་འཕེལ་བར་སྐུལ་འདེད་བཏང་མཐར། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་སྐོར་ཞིབ་བཅོ་བརྒྱད་པས་བཏོན་པའི་བསམ་འཆར་གྱིས་མཚོ་སྔོན་གྱི་བྱ་བར་ཁས་ལེན་བྱས་པའི་དུས་མཚུངས་སུ་གནད་དོན་བཏོན་པར་མ་ཟད། ལེགས་སྒྲིག་སྐོར་ནས་བླང་བྱ་ཡང་བཏོན་པར་བརྟེན། དེས་ལྟ་ཞིབ་ཚན་ཁག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འཐབ་རྩོད་ཀྱི་སྙིང་སྟོབས། བྱེད་ཕྱོགས་བརྟན་པོ། ཆུ་ཚད་མཐོན་པོ་བཅས་མངོན་གསལ་མཚོན་པ་ལས་གཞན། མཚོ་སྔོན་ཞིང་ཆེན་གྱི་ཆབ་སྲིད་སྐྱེ་ཁམས་དང་སྤྱི་ཚོགས་སྐྱེ་ཁམས་ཅིག་ཅར་མཚོན་ཡོད་པས། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྩིས་ཐོ་ལྟར་ཡོད་ཚད་བསྡུ་ལེན་བྱས་ནས་ལྷག་ལུས་ཅི་ཡང་མེད་པའི་སྒོ་ནས་ལས་དོན་དངོས་འབེབས་བྱས་པ་མངོན་མཚོན་བྱས་ཡོད། ཀྲུང་དབྱང་ལྟ་ཞིབ་ཚན་ཁག་གི་སྟོབས་དང་ལྡན་པའི་མཛུབ་སྟོན་འོག་ནས། མཚོ་སྔོན་གྱིས་སྔོན་ཆད་ཡོད་མ་མྱོང་བའི་ཤུགས་ཚད་དང་གཏིང་ཚད། རྒྱ་ཆེ་ཚད་བཅས་ཀྱི་ཐོག་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་ཆེད་དོན་འཐབ་རྩོད་ལ་ཐོད་བརྒལ་གསར་བ་བྱུང་ཡོད། ང་ཚོས་ལྟ་ཞིབ་བསམ་འཆར་གོ་སྐབས་སུ་བརྩིས་ནས་གནད་དོན་ལེགས་སྒྲིག་བྱ་བ་དམ་པོར་འཛིན་རྒྱུ་དང་། ལོ་ངོ་གསུམ་གྱི་དམིགས་འབེན་ཁ་ཕྱོགས་ལ་བརྟེན་ནས། ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་གསར་བ་ཐོབ་པར་བརྩོན་ལེན་བྱེད་དགོས་ཟེར།

ཐེངས་འདིའི་གྲོས་ཚོགས་ནི་བརྙན་འཕྲིན་ཁ་པར་གྱི་རྣམ་པས་བསྡུས་ཤིང་། ཀྲུང་དབྱང་ནག་འཇོམས་ངན་སེལ་སྐོར་ཞིབ་ཚན་ཁག་བཅོ་བརྒྱད་པའི་ཁོངས་མི་ཁ་ཤས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཚན་ཁག་གི་ཁོངས་མིའི་ལས་ཁུངས་དང་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ། ཟི་ལིང་གྲོང་ཁྱེར་གྱི་ཏང་སྲིད་འགོ་ཁྲིད་གཙོ་བོ་དང་ལས་བགོས་དོ་དམ་འགོ་ཁྲིད་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་རྣམས་ཡན་ལག་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།