ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་དྲ་བས་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་དྲུག་པ་ཚེས་ཉེར་དྲུག་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། དབུལ་ཐར་མངོན་འགྱུར་བྱེད་རྒྱུ་ནི་མཁྲེགས་གཏོར་གཡུལ་འགྱེད་ཡིན་ལ། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་རྒྱུ་ནི་ཡུན་རིང་གི་གཡུལ་འགྱེད་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དབུལ་སྐྱོར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། མུ་མཐུད་དུ་མཁྲེགས་གཏོར་བྱེད་པ་དང་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པ་གཉིས་གོ་གནས་གལ་ཆེན་དུ་འཇོག་པ། ཕྱིར་དབུལ་བོར་འགྱུར་བའི་རྒྱུ་རྐྱེན་འཚོལ་བ། རྒྱུ་རྐྱེན་ལ་དམིགས་ནས་གནད་དོན་ཐག་གཅོད་པ། ཡུན་ཕན་གྱི་རྐྱེན་སྲོལ་བཙུགས་ནས། དབུལ་ཐར་གྲུབ་འབྲས་ཐད་ནས་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་དཔྱད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།

ཨུ་ཡོན་དང་ས་གནས་ཀྱི་བློ་མཐུན། ཆེད་མཁས་པ་སྐོར་ཞིག་གིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བསྒྱུར་བ་དང་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པར་དམིགས་ནས། ཐོན་ལས་སྐྱེད་སྲིང་བྱེད་པ་དང་ལས་ཞུགས་རྒྱ་སྐྱེད་པ། སྨན་བཅོས་འགན་སྲུང་། སློབ་གསོ་གསོ་སྦྱོང་། དངུལ་རྩའི་འདེགས་སྐྱོར་སོགས་ཐད་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་བརྒྱ་ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྤོ་སྒུལ་འགན་སྒྲུབ་སྟེགས་བུའི་སྟེང་གཏམ་བཤད་གནང་།

ཨུ་ཡོན་ཁ་ཤས་ཀྱིས། དུས་ཚོད་བྲེལ་མྱུར་ཆེ་བ་དང་ལས་འགན་དེ་ལས་ལྕི་ན། དབུལ་ཐར་གྱི་སྤུས་ཚད་མཐོར་འདེགས་བྱེད་རྒྱུ་དེ་ལས་གོ་གནས་གལ་ཆེན་དུ་བཞག་སྟེ། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་དགོས། དབུལ་གྲོལ་གྱི་འགག་སྒོ་དམ་སྲུང་བྱེད་པ་དང་། དབུལ་ཕོངས་མི་གྲངས་དང་དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་པའི་ཚད་གཞི་དང་རྒྱུད་རིམ་ལག་བསྟར་ནན་མོ་བྱས་ནས། དངོས་ནས་དབུལ་ཐར་བྱེད་པར་ཁག་ཐེག་བྱེད་དགོས། དབུལ་སྐྱོར་སྲིད་ཇུས་དང་རོགས་འདེགས་དབུལ་སྐྱོར་རྣམ་པའི་གཏན་འཇགས་རང་བཞིན་དང་བསྟུད་མར་རང་བཞིན་སྲུང་འཛིན་བྱེད་པ་དང་། དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་རྗེས་བྱ་བར་དོ་སྣང་མི་བྱེད་པའི་བྱེད་ཐབས་ཡོ་བསྲང་བྱེད་དགོས། ལས་ཞུགས་གཏན་འཇགས་གཏོང་རྒྱུ་དེ་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩི་དགོས་པ་སོགས་ཀྱི་རེ་བ་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་འགན་ཁུར་མི་སྣས་འབྲེལ་ཡོད་གནས་ཚུལ་ལ་ངོ་སྤྲོད་བྱས། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱི་འགན་ཁུར་མི་སྣས་ཡུལ་དངོས་ནས་བརྗེ་རེས་སྤེལ།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།