ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་གཉིས་ཉིན་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་ལྔ་བ་བསྡུས་ཏེ། དགོན་སྡེ་ལྷ་ཁང་དང་ཆོས་ཁང་གི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་དང་གསར་སྐྲུན་བྱེད་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། དགོན་སྡེ་ལྷ་ཁང་དང་ཆོས་ཁང་གི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་དང་གསར་སྐྲུན་བྱེད་པ་ནི། ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་དགོས་མཁོ་ཡིན་ལ། ཆོས་ལུགས་རང་སྟེང་བདེ་ཐང་ངང་གོང་འཕེལ་དུ་འགྲོ་བའི་དགོས་མཁོ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་བླངས་ནས། ཏང་གི་ཆོས་ལུགས་བྱ་བའི་རྩ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་བྱེད་པ་དང་ཆོས་ལུགས་རང་སྟེང་གི་དོ་དམ་ཟུང་སྦྲེལ་བྱེད་རྒྱུ་རྒྱུན་འཁྱོངས་སྒོས་གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། གནད་འགག་གི་གོ་རིམ་དམ་དུ་འཛིན་པ། ཉེན་ཁའི་ཚད་མཐའ་དམ་སྲུང་བྱེད་པ་བཅས་བྱས་ཏེ། དགོན་སྡེ་ལྷ་ཁང་དང་ཆོས་ཁང་དོ་དམ་གྱི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་བཏང་ནས། ཆོས་ལུགས་སྔར་ལས་བཟང་བོར་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པ་ཡོང་བར་ཁྲིད་སྟོན་བྱེད་དགོས་ཟེར།

ཨུ་ཡོན་བཅུ་གཅིག་དང་ས་གནས་ཀྱི་བློ་མཐུན་གཅིག་གིས་དགོན་སྡེ་ལྷ་ཁང་དང་ཆོས་ཁང་དོ་དམ་གྱི་བསམ་ཕྱོགས་འདུ་ཤེས་དང་། སྒྲིག་སྲོལ་རྐྱེན་སྲོལ། གོ་རིམ་གཙོ་བོ་སོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། དེང་སྐབས་དགོན་སྡེ་ལྷ་ཁང་དང་ཆོས་ཁང་ཁྲིམས་དང་འགལ་ནས་འཛུགས་སྐྲུན་བྱེད་པ་དང་། ནང་ཁུལ་གྱི་དོ་དམ་ཞན་པ། ཁྲིམས་འགལ་གནས་ཡུལ་བཀག་ཀྱང་མི་ཁོག་པ་སོགས་ཀྱི་གནད་དོན་རྩ་བ་ནས་ཐག་བཅད་མེད་ལ། གཞི་རིམ་གྱིས་དོ་དམ་བྱེད་མི་འདོད་པ་དང་དོ་དམ་བྱེད་མི་ཕོད་པ། དོ་དམ་བྱེད་མི་ཤེས་པ་བཅས་ཀྱི་སྣང་ཚུལ་ད་དུང་མང་དུ་གནས་པས། ཨུ་ཡོན་ཁ་ཤས་ཀྱིས་དུས་རབས་གསར་བར་དགོན་སྡེ་ལྷ་ཁང་དང་ཆོས་ཁང་གི་དོ་དམ་ལ་ཤུགས་སྣོན་གསར་སྐྲུན་བྱེད་པར། ཀྲུང་གོ་ཅན་དང་ཁྲིམས་སྐྱོང་ཅན། སྤྱི་ཚོགས་ཅན། དེང་རབས་ཅན་བཅས་ཀྱི་ཁ་ཕྱོགས་བརྩ་སྲུང་བྱེད་པ་དང་། ཕྱོགས་བསྡུས་ཇུས་བསྟར་དང་ཡུན་རིང་འབད་བརྩོན་བྱེད་དགོས་ལ། གཙོ་བོ་སྲིད་འཛིན་ཐབས་ཤེས་ཀྱིས་དོ་དམ་བྱེད་པ་ནས་རིམ་བཞིན་ཁྲིམས་ལྟར་དོ་དམ་བྱེད་པར་བསྒྱུར་དགོས་པ་དང་།    ཆོས་ལུགས་ཚོགས་པའི་དགོན་སྡེ་ལྷ་ཁང་དང་ཆོས་ཁང་གི་མི་དོན་དང་ནོར་སྲིད། རྒྱུནོར་སོགས་དོ་དམ་ཁྲོད་ཀྱི་འགན་ནུས་གསལ་བར་བྱེད་དགོས། དགོན་སྡེ་ཆོས་ཁང་དང་ལྷ་ཁང་གིས་རང་སྟེང་གི་དོ་དམ་ལ་ཤུགས་སྣོན་པར་ཁྲིད་སྟོན་བྱེད་པ་དང་། དོ་དམ་བྱེད་ཐབས་གསར་གཏོད་བྱེད་པ། མི་ལ་དོ་དམ་བྱེད་པ་གཞི་རྩར་འཛིན་པ། ཆོས་སྲོལ་འཛུགས་སྐྲུན་ལ་སྔར་ལས་མཐོང་ཆེན་བྱེད་པ་བཅས་བྱེད་དགོས་པའི་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་ཐུར་གྱིས་ཚོགས་འདུའི་སྟེང་བརྗོད་དོན་གཏམ་བཤད་སྤེལ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་ཁུར་མི་སྣས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། སྤྱི་བདེ་པུའུ་དང་དམངས་སྲིད་པུའུ། ནོར་སྲིད་སྤྱི་ཁྱབ་ཅུའུ་བཅས་ཀྱི་འགན་ཁུར་བས་ཡུལ་དངོས་ནས་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།