ཀྲུང་གོ་བོད་ཀྱི་དྲ་བ།

ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་གྱི་སྤྱི་བསྡོམས་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་དྲ་བས་གློག་འཕྲིན་འབྱོར་གསལ། ཟླ་བདུན་པའི་ཚེས་ལྔ་ཉིན། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་གྱི་སྤྱི་བསྡོམས་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་ནི་ཏང་དང་རྒྱལ་ཁབ་རྩ་འཛུགས་ལས་ཁུངས་དང་དོ་དམ་སྒྲིག་སྲོལ་ལ་གོ་རིམ་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་བསྐྱར་འཛུགས་ཐེངས་ཤིག་བྱས་པ་ཡིན། ང་ཚོས་ཁྱོན་ཡོངས་རང་བཞིན་གྱི་སྒོ་ནས་ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་ལས་ཁུངས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། བསྐྱར་འཛུགས་རང་བཞིན་གྱི་སྒོ་ནས་ཏང་གི་འགོ་ཁྲིད་མ་ལག་དང་སྲིད་གཞུང་གི་བཅོས་སྐྱོང་མ་ལག དྲག་ཆས་སྟོབས་ཤུགས་མ་ལག ཚོགས་པའི་བྱ་བའི་མ་ལག་བཅས་འཐུས་ཚང་དུ་བཏང་ཞིང་གོ་རིམ་ཡོད་པའི་སྒོ་ནས་ཏང་གི་འགོ་ཁྲིད་ནུས་ཤུགས་དང་སྲིད་གཞུང་གི་ལག་བསྟར་ནུས་པ། དྲག་ཆས་སྟོབས་ཤུགས་ཀྱི་འཐབ་འཛིང་ནུས་པ། ཚོགས་པ་དང་རྩ་འཛུགས་ཀྱི་གསོན་ཤུགས་ཇེ་ཆེར་བཏང་སྟེ་དུས་རབས་གསར་བའི་རེ་བ་དང་མཐུན་པའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་གི་གཙོ་གཞིའི་སྤྱི་ཁོག་རིམ་བཞིན་ཆགས་པར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ལྡན་རྩ་འཛུགས་འགན་སྲུང་འདོན་སྤྲོད་བྱས། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་ཐད་ནས་བླངས་པའི་གྲུབ་འབྲས་དང་རིན་ཐང་བྲལ་བའི་ཉམས་མྱོང་ནན་ཏན་སྒོས་སྤྱི་བསྡོམས་བྱེད་དགོས་པ་དང་། ལས་ཁུངས་བཅོས་སྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པར་མ་ཟད་མུ་མཐུད་དུ་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱེད་སྐབས། ང་ཚོས་རིན་ཐང་བྲལ་བའི་ཉམས་མྱོང་བསགས་པ་དང་འཚོལ་ཞིབ་བྱས་ཏེ། ཏང་གིས་ལས་ཁུངས་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་འགོ་ཁྲིད་པ་རྒྱུན་འཁྱོངས་བྱས་པ་དང་། གསར་བ་མ་བཙུགས་ན་རྙིང་བ་གཏོར་མི་ཐུབ་པ་དང་སྔོན་ལ་གསར་བ་འཛུགས་པ་དང་རྗེས་ནས་རྙིང་བ་གཏོར་རྒྱུ་རྒྱུན་འཁྱོངས་བྱས་པ། ལས་ཁུངས་འགན་ནུས་ལེགས་སྒྱུར་རོགས་ལས་ཀྱི་ཕན་འབྲས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་པ། ཀྲུང་དབྱང་དང་ས་གནས་ཀྱི་བསམ་བཀོད་གཅིག་རྒྱུན་འཁྱོངས་བྱས་པ། བཅོས་སྒྱུར་དང་ཁྲིམས་སྐྱོང་གཅིག་གྱུར་དང་མཐུན་སྦྱོར་བྱེད་པ་རྒྱུན་འཁྱོངས་བྱས་པ། བསམ་བློ་ཆབ་སྲིད་བྱ་བ་བཅོས་སྒྱུར་གྱི་བརྒྱུད་རིམ་ཡོངས་དང་འབྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱས། ལག་ལེན་དངོས་ལས་ཏང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་འཐབ་ཇུས་ནི་ཧ་ཅང་ཡང་དག་པ་ཞིག་ཡིན་པ་བདེན་དབང་བྱས་ཡོད། བཅོས་སྒྱུར་གྱི་རྩ་འཛུགས་ལག་བསྟར་ལ་སྟོབས་ལྡན་ནུས་ཤུགས་ལྡན་པ་དང་། དེ་ལས་ཏང་ཡོངས་ལ་ཚད་མཐོན་པོའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་ལྡན་པ་མཚོན་པར་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པའི་ཆབ་སྲིད་ཀྱི་རྣམ་པ་བཟང་བོ་གསལ་བོར་མཚོན་ཡོད་པ་དང་། ཏང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཁྱད་སྟོབས་གང་ལེགས་སྒོས་མངོན་པར་བྱས་ཡོད་ཟེར།

ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་ཐད་ནས་བླངས་པའི་གྲུབ་འབྲས་དང་རིན་ཐང་བྲལ་བའི་ཉམས་མྱོང་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལས་ཁུངས་བཅོས་སྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་ལ། དེ་ལ་བསམ་བློ་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་ཡུལ་རང་བཞིན་དྲག་པོ་ལྡན་ཟེར།

ཚོགས་ཐོག་ཏུ་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་མཐུན་སྦྱོར་ཚན་ཆུང་གཞུང་སྒྲུབ་ཁང་དང་ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་རྩོམ་སྒྲིག་གཞུང་སྒྲུབ་ཁང་། སྤྱི་བདེ་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། དམག་ཁུངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ། འཕྲལ་སྒྲུབ་དོ་དམ་པུའུ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀྲེ་ཅང་ཞིང་ཆེན། ཀོས་ཀྲིག་ཞིང་ཆེན་སོགས་ཀྱི་འགན་འཁུར་བ་གཙོ་བོས་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་བ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།