ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་པུར་ཀ་རི་ཡའི་ཙུང་ཐུང་ལ་ཏི་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190704091714X0qM.jpg

ཟླ་བདུན་པའི་ཚེས་གསུམ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པུར་ཀ་རི་ཡའི་ཙུང་ཐུང་ལ་ཏི་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པུར་ཀ་རི་ཡའི་ཙུང་ཐུང་ལ་ཏི་ཧྥུའུ་ལ་མཇལ་འཕྲད་གནང་།

 ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། ཀྲུང་གོ་དང་པུར་ཀ་རི་ཡའི་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡང་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་ཚབ་ཚོགས་པས་ཐེངས་དང་པོར་འཚམས་འདྲི་བྱེད་ཡུལ་ནི་པུར་ཀ་རི་ཡ་ཡིན། ཐེངས་འདིར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་གཏོང་རྒྱུར་ལྟ་ཚུལ་གཅིག་མཐུན་བྱུང་ཡོད། མིག་སྔར་འཛམ་གླིང་གི་འགྱུར་ལྡོག་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་དེ། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱེད་པའི་ཁྲོད་དུ་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་པའི་ཁྲོད་དུ་པུར་ཀ་རི་ཡ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་པུར་ཀ་རི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ལག་བསྟར་བཟང་བོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ། ཁྲིམས་འཛུགས་དང་ལྟ་སྐུལ་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཡར་སྐུལ་གཏོང་འདོད་ཡོད་ཟེར། 

ལ་ཏི་ཧྥུའུ་ཡིས་བསྟན་དོན། པུར་ཀ་རི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་པ་དང་། ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་ཁྲོད་ཞུགས་ཏེ། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་བར་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཁྲིན་ཀྲུའུ་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།