ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་ག་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ས་དེའི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་ཏ་པན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ནམ་ཡང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། གནས་བབ་དེ་ལས་རྙོང་འཛིང་ཆེ་ཞིང་ཛ་དྲག་ཡིན་ན། དེ་ལས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་དང་ནུས་པ་མངོན་པར་བྱེད་དགོས། ང་ཚོས་འཛམ་གླིང་ཡོངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆའི་འོག སྔར་ལས་མཐུན་སྒྲིལ་ཡར་ཐོན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་མུ་མཐུད་དུ་འགུལ་སྐྱོད་དངོས་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་དང་དྲུང་ཡིག་ཆེན་མོའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེན་ཞིང་གཏན་འཇགས་མིན་པའི་གནས་ཚུལ་སྔར་ལས་ཚབས་ཆེན་ཡིན་ལ། མཚོ་ཁུག་ས་ཁུལ་གྱི་གནས་བབ་དེ་ལས་ཀྱང་ཛ་དྲག་ཡིན་པ་དང་། འཐབ་འཁྲུག་དང་ཞི་བདེ་ཡི་བཞི་མདོ་རུ་འགྲེང་ཡོད། ཀྲུང་གོ་དུས་ཡུན་རིང་བོར་ཞི་བདེ་ཕྱོགས་སུ་ལངས་ཡོད་ལ། འཐབ་འཁྲུག་ལ་ངོ་རྒོལ་བྱེད་ཀྱིན་ཡོད། ཕྱོགས་སོ་སོས་སེམས་རྣལ་ལ་ཕབ་པ་དང་། གྲོས་མོལ་ལ་ཤུགས་བསྣན་ནས། མཉམ་དུ་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཀུའུ་ཐི་ལེ་སི་ཡིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་གནས་བབ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པ་དང་། ཉོ་ཚོང་ཁྱབ་ཁོངས་དང་མཚོ་ཁུག་གི་གནས་བབ་མི་ལེགས་ལ། འཛམ་གླིང་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་ལུགས་བརྩི་སྲུང་བྱེད་པའི་འདུ་ཤེས་ཞན་པའི་གནས་ཚུལ་ལ་ཐུག་ཡོད་པ་དང་། སྐབས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་དུས་ཡུན་རིང་བོར་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་ཁྲོ་ཞན་ཕྱེད་གླིང་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད། ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གྲོས་གཞི་ཡིས་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་འགོ་ཁྲིད་ནུས་པ་སྔར་ལས་མང་པོ་འདོན་སྤེལ་བྱེད་པ་དང་། དེར་ཁྱོན་ཡོངས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་འཐབ་བྱེད་པ་དང་། འཛམ་གླིང་བཅོས་སྐྱོང་གི་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། ཕྱོགས་མང་རིང་ལུགས་བརྩི་སྲུང་བྱེད་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་གཙོ་བོ་རུ་འགྱུར་བར་བྱེད་དགོས་ཟེར།

ཏིང་ཞུའེ་ཞང་དང་དབྱང་ཅི་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་སོ་སོར་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : བསམ་ནོར།