ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་པེ་ཅིན་གྲོང་ཁྱེར་གྱི་ཁེ་ལས་ཀྱི་ཁྲལ་འཕྲི་ཡོན་གཅོག་གནས་ཚུལ་ལ་རྟོག་ཞིབ་མཛད་པ་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201906270918389SDS.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་གྲོང་ཁྱེར་གྱི་ཁེ་ལས་ཀྱི་ཁྲལ་འཕྲི་ཡོན་གཅོག་གནས་ཚུལ་ལ་རྟོག་ཞིབ་མཛད་པ་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་པེ་ཅིན་གྲོང་ཁྱེར་གྱི་ཁེ་ལས་ཀྱི་ཁྲལ་འཕྲི་ཡོན་གཅོག་གནས་ཚུལ་ལ་རྟོག་ཞིབ་མཛད་པ་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། གྲོན་ཆུང་གི་འཚོ་བ་རོལ་བ་རྒྱུན་འཁྱོངས་བྱེད་པ། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། སྤྱིར་བཏང་རང་བཞིན་གྱི་ནོར་སྲིད་འགྲོ་གྲོན་ཇེ་ཉུང་དུ་བཏང་སྟེ། ཁྲལ་འཕྲི་ཡོན་གཅོག་གི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཚོང་རའི་གཙོ་གཞིས་སྲིད་ཇུས་ཀྱི་ཕན་ཁེ་ལོངས་སྤྱོད་བྱེད་ཐུབ་པར་བྱེད་དགོས་ཟེར།

ཧན་ཀྲིན་པེ་ཅིན་ཧའེ་ཏེན་ཆུའུ་ཁྲལ་དོན་ཅུའུ་ཁྲལ་དོན་ཁང་དང་པོའི་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཁང་དུ་ཕེབས་ནས། ཁྲལ་དོན་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས་པ་དང་། འགྲོ་ལུགས་སྒྲུབ་བཞིན་པ་དང་སྲིད་ཇུས་བློ་འདྲི་བྱེད་བཞིན་པའི་ཁེ་ལས་ཀྱི་བྱ་བའི་མི་སྣ་དང་བརྗེ་རེས་བྱས་ལ། ཁྲལ་འཕྲི་ཡོན་གཅོག་སྲིད་ཇུས་ལག་བསྟར་བྱས་པ་དེས་ཁེ་ལས་ལ་ཁེ་ཕན་བསྐྲུན་པའི་གནས་ཚུལ་དང་བྱ་བའི་ཁྲོད་ཐུག་པའི་གནད་དོན། སྲིད་ཇུས་ལག་བསྟར་གནས་ཚུལ་དང་ཁེ་ལས་ཀྱི་ཞུ་གཏུག་ཐད་ནས་རྒྱུས་ལོན་གསལ་བོ་བྱས།

ཧན་ཀྲིན་གྱིས་ཁྲལ་དོན་ཁང་གི་ཡུལ་དངོས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འཐུས་ཚབ་རང་བཞིན་གྱི་ཁེ་ལས་བཅུ་གསུམ་དང་ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ཚོགས་པ། པེ་ཅིན་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། པེ་ཅིན་གྲོང་ཁྱེར་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱི་ཁྲལ་འཕྲི་ཡོན་གཅོག་ཐད་ཀྱི་བསམ་འཆར་ལ་ཉན། ཁོང་གིས་བསྟན་དོན། གཞི་ཁྱོན་སྔར་ལས་ཆེ་བའི་ཁྲལ་འཕྲི་ཡོན་གཅོག་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན། ཕྱོགས་སོ་སོས་ཐུན་མོང་གི་འབད་འཐབ་འོག ཁྲལ་འཕྲི་ཡོན་གཅོག་ལག་བསྟར་ནན་མོ་བྱས་པ་དང་། སྤྱི་ཁོག་ནས་བརྟན་བརླིང་དང་གོ་རིམ་ལྡན་ལ། གྲུབ་འབྲས་སྔོན་དཔག་དང་མཐུན། ད་ལོའི་ཟླ་དྲུག་པའི་སྔོན་གྱི་གནས་ཚུལ་ལ་བལྟས་ན། རྒྱལ་ཡོངས་ཀྱི་ཁྲལ་འཕྲི་ཡོན་གཅོག་བྱེད་ཚད་མངོན་གསལ་སྒོས་ཇེ་མང་དུ་སོང་བ་དང་། འཕར་སྣོན་རིན་གྲངས་ཀྱི་བཅོས་སྒྱུར་དང་འབྲེལ་བའི་ལས་རིགས་ཚང་མ་ཁྲལ་འཕྲི་བྱས་ལ། ཁེ་ལས་ཆུང་བའི་ཀུན་ཕན་རང་བཞིན་གྱི་ཁྲལ་འཕྲི་སྲིད་ཇུས་ལག་བསྟར་བྱས་པའི་གྲུབ་འབྲས་ཧ་ཅང་བཟང་བ་དང་། ཚོང་རའི་གསོན་ཤུགས་ཆེར་སྐྱེད་པ་དང་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ལ་ཁ་གཏད་འཇལ་བ། ལས་ཞུགས་གཏན་འཇགས་སུ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།