རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་བཞི་བ་ཚེས་བཅུ་བཞི་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། རྒན་གསོ་ཞབས་ཞུ་མ་ལག་དེ་མང་ཚོགས་ཀྱི་བདེ་སྐྱིད་དང་། སྤྱི་ཚོགས་འཆམ་མཐུན་དང་དཔལ་འབྱོར་འཕེལ་རྒྱས་ལ་འབྲེལ་བ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒན་གསོ་ཞབས་ཞུ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གཞི་རྩའི་གནས་ཚུལ། འཕེལ་རྒྱས་ཀྱི་དུས་རིམ་ལ་རྐང་འཛུགས་པ། ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། རྒན་གསོ་དང་རྒན་བཀུར་རྒན་གཅེས་ཀྱི་སྲིད་ཇུས་མ་ལག་དང་སྤྱི་ཚོགས་ཁོར་ཡུག་འཛུགས་སྐྲུན་བྱས་ཏེ། ལོ་ལོན་ཚོས་ཚེ་སྨད་ཀྱི་འཚོ་བ་སྐྱིད་པོ་རོལ་ཐུབ་པར་བྱེད་དགོས་ཟེར།

ཨུ་ཡོན་བཅུ་གཅིག་དང་རྒན་གསོ་ཞབས་ཞུ་ལས་ཁུངས་ཀྱི་འཐུས་ཚབ་མི་སྣས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་བརྒྱ་དང་བཅུ་དགུ་ཡིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སྤོ་སྒུལ་འགན་སྒྲུབ་སྟེགས་བུའི་སྟེང་གཏམ་བཤད།

ཨུ་ཡོན་སྐོར་ཞིག་གིས། རྒན་གསོ་ཞབས་ཞུའི་ཁྲིམས་འཛུགས་ལག་བསྟར་བྱེད་པ་དང་། སྲིད་གཞུང་དང་མི་སྒེར། ཁྱིམ་ཚང་། རྒན་གསོ་ཞབས་ཞུ་ལས་ཁུངས་སོགས་ཀྱི་གཙོ་གཞི་གོ་གནས་དང་འགན་འཁྲི། དབང་ཆ་དང་འོས་འགན་གཏན་ཁེལ་གསལ་བོ་བྱེད་པ་དང་། ཁྲིམས་སྲོལ་དང་སྲིད་ཇུས། ཚད་གཞི་སྦྲེལ་མཐུད་བྱེད་པའི་རྒན་གསོ་ཞབས་ཞུའི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་བོ་དར་སྤེལ་གཏོང་བ་དང་། མི་ཚོའི་རང་རྟོགས་སྒོས་ལོ་ལོན་གསོ་བའི་འགན་འཁྲི་ཕྲག་ཏུ་ལེན་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་པ། ཁྱིམ་དུ་རྒན་གསོ་བྱེད་པའི་རྨང་གཞིའི་གོ་གནས་སྲ་བརྟན་དུ་གཏོང་དགོས། ཞིང་སྡེའི་རྒན་གསོ་འགན་སྲུང་དང་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་ཏེ། རྒན་གསོ་ཞབས་ཞུ་ཐད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་གསོ་སྦྱོང་བྱེད་པར་ཤུགས་སྣོན་དགོས་པའི་བསམ་ཚུལ་བཏོན།

དམངས་སྲིད་པུའུ་འགན་ཁུར་མི་སྣས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ནོར་སྲིད་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་བཅས་ཀྱི་འགན་ཁུར་མི་སྣས་ཡུལ་དངོས་ནས་བརྗེ་རེས་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།