ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ6པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁི་ལིས་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁི་ལིས་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་འབྲེལ་བ་བཙུགས་ནས་ལོ་བདུན་ཅུའི་རིང་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བར་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཁྱིམ་མཚེས་མཛའ་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་མཐོར་འདེགས་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་པར་མཐའ་གཅིག་ཏུ་འཐད་པ་བྱུང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་ཕྱོགས་སུ་རྒྱུན་མཐུད་དང་བརྟན་འཇགས། བདེ་བླག་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད། ཕྱོགས་གཉིས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཕ་རོལ་བས་རྒྱལ་ཁབ་རང་གི་སྲོག་ཤིང་ཁེ་ཕན་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། ཆབ་སྲིད་དང་འཐབ་ཇུས་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཧུར་ཐག་སྒོས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ནང་སྐྱེས་གསོན་ཤུགས་ཇེ་ཆེར་གཏོང་བ་དང་ཁེ་ཕན་མཉམ་བསྲེས་ཉིན་རེར་གཏིང་ཟབ་ཏུ་སྤེལ་དགོས། ཧུར་ཐག་སྒོས་རྒྱལ་སྤྱིའི་ལས་དོན་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཁྲོད་དུ་ཞུགས་ཏེ། འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བཞག་སྲུང་སྐྱོབ་བྱེད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕྱོགས་གཉིས་ཀྱི་མཉམ་ལས་ཁྲོད་དུ་སྔར་ལས་མང་པོའི་ཐོབ་ཚོར་ཡོད་དུ་འཇུག་འདོད་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུའི་རིང་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་བྱུང་མ་མྱོང་བའི་ཆུ་ཚད་དུ་སླེབས་པ་དང་ཁྱོན་ཡོངས་ཀྱི་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། ཨུ་རུ་སི་དང་ཀྲུང་གོས་མིང་དོན་མཚུངས་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད་འཛམ་གླིང་བདེ་འཇགས་དང་འཐབ་ཇུས་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད། དེང་སྐབས་རྙིག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་འོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲིར་ཡོང་བར་དོན་སྙིང་གལ་ཆེན་ལྡན་པ་དང་དུས་རབས་གསར་བའི་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་མཐུན་སྦྱོར་དང་རོགས་ལས་དམ་པོ་བྱེད་དགོས་པ་དང་། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱིས་བཟོས་པའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་དགོས་ཟེར།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སོགས་ཀྱི་སྟེང་མཉམ་དུ་མིང་བཀོད།

གྲོས་མོལ་མ་མཛད་པའི་སྔོན་ལ། ཕུའུ་ཅིན་གྱིས་ཁི་ལིས་མུའུ་ལིན་ཕོ་བྲང་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སི་ལ་འཚམས་འདྲིར་ཕེབས་པར་བསུ་མ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།