ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཝ་ནུ་ཨ་ཐུའི་ཙུང་ལི་སཱ་ཨར་ཝེ་དང་གྲོས་མོལ་མཛད།

    སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝ་ནུ་ཨ་ཐུའི་ཙུང་ལི་སཱ་ཨར་ཝེ་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཝ་ནུ་ཨ་ཐུ་བར་འབྲེལ་བ་བཙུགས་ནས་ལོ་སོ་བདུན་གྱི་རིང་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་བ་དང་། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་རྒྱལ་ཁབ་ཀྱི་ཆེ་ཆུང་ལ་མི་ལྟ་བར་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་། མཉམ་ལས་བྱས་པ་བརྒྱུད་དེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་འདོད་ཚུལ་བཅངས་ཡོད། ཀྲུང་གོ་དང་ཝ་ནུ་ཨ་ཐུ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། ང་ཚོས་ཝ་ནུ་ཨ་ཐུ་དང་མཉམ་དུ་རྒྱལ་ཁབ་རང་རང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཝ་ནུ་ཨ་ཐུའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པ་དེ་ཝ་ནུ་ཨ་ཐུ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་དམ་པོ་བྱས་ཏེ། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དཔལ་འབྱོར་ཉོ་ཚོང་། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ནུས་ཤུགས་གང་ཡོད་བཏོན་ནས་ཝ་ནུ་ཨ་ཐུ་ཕྱོགས་ལ་རོགས་རམ་འདོན་སྤྲོད་བྱེད་ངེས་ཡིན་ཟེར།

སཱ་ཨར་ཝེ་ཡིས་བཤད་རྒྱུར། ཝ་ནུ་ཨ་ཐུ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་ལས་དོན་དང་དཔལ་འབྱོར་བཅོས་སྐྱོང་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་བྱེད་པ་ཡིན། ཝ་ནུ་ཨ་ཐུ་ཕྱོགས་ཀྱིས་ཀྲུང་གོས་སྒེར་སེམས་ཅི་ཡང་མེད་པར་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་བར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་སྲིད་གཞུང་བར་གྱི་འགྲོ་འོང་དང་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཉོ་ཚོང་དང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཝ་ནུ་ཨ་ཐུའི་ཙུང་ལི་སཱ་ཨར་ཝེ་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བར་བསུ་མ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།