ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཙུང་ཐུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཡིས་ཧུའུ་སེ་དྲག་ཆས་པར་འགེབས་སྲུང་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་འཕྲིན་ཡིག་བསྐུར་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཡེ་མིན་ནས་བར་འདུམ་བྱེད་སྐབས་ཧུའུ་སེ་དྲག་ཆས་པར་འགེབས་སྲུང་བྱས་པར་སྐྱོན་འཛུགས་བྱས། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉའི་ཡེ་མིན་གྱི་བར་འདུམ་ལ་ཡིད་ཆད་ཡོད་པས། ཧཱ་ཏིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་འཕྲིན་ཡིག་བསྐུར་རྒྱུ་ཐག་བཅད་པ་རེད་ཟེར། 

དཔོན་རིགས་དེས་བཤད་རྒྱུར། ཧཱ་ཏིས་ཀྱིས་འཕྲིན་ཡིག་ནང་དུ་ཀི་ལི་ཧྥེ་སི་ཡིས་ཧུའུ་སེ་དྲག་ཆས་པར་ཞབས་ཞུ་བྱས་ཤིང་། ཧུའུ་སེ་དྲག་ཆས་པའི་མི་སྣ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགེབས་སྲུང་འོག་ཧི་ཐེ་ཏཱ་གྲུ་ཁ་ནས་ཡུན་རིང་བསྡད་པ་དང་། ཡེ་མིན་གྱི་ཞི་བདེའི་གོ་སྐབས་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱ་སྤྱོད་དེ་རིགས་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་མ་བྱས་ན། ཡེ་མིན་སྲིད་ཞུང་གིས་ཀི་ལི་ཧྥེ་སི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཡིན་པའི་ཆ་ནས་ཡེ་མིན་དུ་བར་འདུམ་བྱེད་པར་དང་ལེན་བྱེད་ཐབས་མེད་ཟེར། 

དཔོན་རིགས་དེས་ད་རུང་བཤད་རྒྱུར། ཀི་ལི་ཧྥེ་སི་ཡིས་ཉེ་བའི་ཉིན་འགའི་རིང་ལ། སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་ཧཱ་ཏིས་དང་ཡེ་མིན་སྲིད་གཞུང་གི་དཔོན་རིགས་གཞན་པར་ཐུག་འཕྲད་བྱེད་རྩིས་ཡོད་ཀྱང་། ཀི་ལི་ཧྥེ་སི་ལ་དགའ་བསུ་མི་བྱེད་པའི་དབང་གིས་ཐུག་འཕྲད་ཀྱི་རེ་བ་ཡོད་ཚད་དང་ལེན་མ་བྱས་པ་རེད་ཟེར།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།