ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་སྲིད་གཞུང་དམག་དཔུང་གིས་རྒྱལ་དམངས་དམག་དཔུང་གི་སྒར་ས་ལ་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ལི་པུ་ཡཱའི་སྲིད་གཞུང་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཚེས་ཉེར་ལྔ་ཉིན་རྒྱལ་དམངས་དམག་དཔུང་གི་སྒར་སར་དམིགས་པའི་བར་སྣང་འཇབ་རྒོལ་ཐེངས་འགའ་སྤེལ། 

གསལ་སྒྲོག་ལས་བཤད་རྒྱུར། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་མཁའ་དམག་གིས་རྒྱལ་དམངས་དམག་དཔུང་གི་རྒྱལ་ས་ཏི་ལེ་པའོ་ལིའི་ལྷོ་ངོས་སུ་ཡོད་པའི་སྒར་སའི་དམིགས་འབེན་ལ་ཆམ་ཕབ་གཏོང་བའི་བྱ་འགུལ་ཐེངས་དྲུག་སྤེལ་བ་དང་། ཞོར་དུ་སྲིད་གཞུང་དམག་དཔུང་གིས་ས་ངོས་ཀྱི་དཔུང་འཇུག་ཁྲོད་ནས་རྒྱལ་དམངས་དམག་དཔུང་གི་སྒར་ས་འགའ་འཕྲོག་ལེན་བྱས་པར་མ་ཟད། རླངས་འཁོར་མང་བོ་གཞུང་བཞེས་བྱས་ཡོད་ཟེར། 

ལི་པུ་ཡཱའི་རྒྱལ་དམངས་དམག་དཔུང་གིས་ཟླ་བཞི་བའི་ཚེས་བཞི་ཉིན་ནས་བཟུང་ཏི་ལེ་པའོ་ལི་རུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། གྲོང་ཁྱེར་དེ་ཚོད་འཛིན་བྱེད་པའི་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་དམག་དཔུང་བར་འཁྲུག་རྩོད་བྱས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལི་པུ་ཡཱ་རུ་སྡོད་པའི་དོན་གཅོད་ཁང་གིས་སྤེལ་བའི་གཞི་གྲངས་ལྟར་ན། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱས་པའི་ཚུན་ལ་མི་ལྔ་བརྒྱ་དང་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཉིས་དང་བཞི་བརྒྱ་ལྷག་ལ་རྨས་ཕོག འཁྲུག་རྩོད་ལས་མི་ཁྲི་དྲུག་ལྷག་ལ་རང་ཁྱིམ་དང་འབྲལ་དགོས་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།