ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་འགོ་མཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་སྒོ་ནས་བུ་ལོན་མ་རྐང་དུ་བསྒྱུར་བའི་བྱེད་ཐབས་གཏིང་ཟབ་ཏུ་སྤེལ་བ་དང་། ཁེ་ལས་ཀྱིས་ཉེན་ཁ་དང་དཀའ་ཁག་ཐག་གཅོད་པར་རྒྱབ་སྐྱོར་བྱེད་པ་དང་འཕེལ་རྒྱས་ཀྱི་རྗེས་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱིས་སྨན་ཁང་བསྒྲུབ་པའི་བྱ་བ་རྒྱུན་མཐུད་བདེ་ཐང་དང་ཚད་ལྡན་ངང་འཕེལ་རྒྱས་སུ་གཏོང་བར་སྔར་ལས་སྐུལ་འདེད་བཏང་སྟེ། སྨན་བཅོས་ཞབས་ཞུའི་མཁོ་འདོན་ཁ་སྣོན་བྱེད་པ་དང་དམངས་ཚིས་ལེགས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་སྒོ་ནས་བུ་ལོན་མ་རྐང་དུ་བསྒྱུར་རྒྱུ་ནི་ཚོང་རའི་མདུན་ལྗོངས་ཡོད་པའི་ཁེ་ལས་ཀྱིས་བུ་ལོན་གྱི་གནོན་ཤུགས་ཇེ་ཡང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་གཏན་འཇགས་འཕར་སྣོན་དང་ཉེན་ཁ་ཚོད་འགོག་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། ན་ནིང་ནས་བཟུང་བུ་ལོན་སྒོར་དུང་ཕྱུར་དགུ་བཅུ་ལས་བརྒལ་བ་ཞིག་མ་རྐང་དུ་བསྒྱུར་བ་དང་། དེས་ཁེ་ལས་འཇའ་ཤིང་ཚད་ཇེ་དམའ་རུ་གཏོང་བ་དང་ཚོང་གཉེར་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་། གོ་རིམ་རྗེས་མར་དཀའ་གནད་ཐག་བཅད་དེ། གྲངས་ཀ་ཇེ་མང་དུ་གཏོང་བ་དང་གཞི་ཁྱོན་ཆེར་སྐྱེད་པ། སྤུས་ཚད་ཇེ་ལེགས་སུ་གཏོང་བའི་སྟེང་ཤུགས་འདོན་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རེ་བ་ལྟར། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་ཀྱི་སྨན་ཁང་བསྒྲུབ་པར་སྐུལ་འདེད་བཏང་ན། སྨན་བཅོས་ཞབས་ཞུའི་མཁོ་འདོན་ཇེ་མང་དུ་གཏོང་བ་དང་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་ཐུབ་ལ། ཚོང་རའི་གསོན་ཤུགས་སྔར་ལས་ཆེར་སྐྱེད་པ་དང་ཞབས་ཞུའི་འཛད་སྤྱོད་ཀྱི་སྦས་ཤུགས་སྔར་ལས་ཆེན་པོ་སྔོག་འདོན་བྱེད་ཐུབ། གཅིག་ནས་སྤྱི་ཚོགས་ཀྱི་སྨན་ཁང་བསྒྲུབ་པའི་བར་སྟོང་ཆེར་སྐྱེད་པ། གཉིས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གསུམ་ནས་སྒེར་བཙུགས་སྨན་ཁང་གིས་གཞུང་བཙུགས་སྨན་ཁང་དང་མཉམ་ལས་བྱས་ནས་མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། རྒྱང་རྟེན་སྨན་བཅོས་མཉམ་ལས་སྤེལ་དགོས། བཞི་ནས་སྨན་བཅོས་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ཚུལ་ལ་རྡུང་རྡེག་བྱས་ནས། ཁ་དན་ཚིག་ལ་མི་གནས་པའི་གཙོ་གཞིའི་ཚེ་གང་བོར་ལས་རིགས་དེ་གཉེར་མི་ཆོག་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།