ཀྲུང་གོ་བོད་ཀྱི་དྲ་བ།

ཡིའུ་ཆོན་གྱིས་བོད་བརྒྱུད་ནང་བསྟན་གྱི་སྐབས་བཅོ་ལྔ་པའི་མཐོ་རིམ་རབ་འབྱམས་པའི་མཚན་གནས་ཐོབ་མཁན་ལ་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1558342147972030.png

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་5པའི་ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་གྱིས་པེ་ཅིང་དུ་བོད་བརྒྱུད་ནང་བསྟན་གྱི་སྐབས་བཅོ་ལྔ་པའི་མཐོ་རིམ་རམས་འབྱམས་པའི་མཚན་གནས་ཐོབ་མཁན་ལ་མཇལ་འཕྲད་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། 

ཡིའུ་ཆོན་གྱིས་བོད་བརྒྱུད་ནང་བསྟན་གྱི་སྡེ་ཡིས་མཐའ་གཅིག་ཏུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་སྐྱོད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཁྲིམས་སྲུང་སློབ་སྐྱོང་། སློབ་སྦྱོང་ལ་བརྩོན་པ། ཁ་ཞེ་གཉིས་མེད། དམངས་ཕན་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་བདེ་བླག་ངང་རྒྱུན་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཤེས་རྟོགས་བྱུང་བར་གཞིགས་ན། “མཐོ་རམས་པ་”ནི་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་མཐོ་ཤོས་དེ་ཡིན་ཞིང་། ད་ཐེངས་དགེ་འདུན་པ40ལ་དཔྱད་ཞིབ་ནན་པོ་བྱས་པ་བརྒྱུད་མཐོ་རམས་པའི་མཚན་གནས་ཐོབ་པ་རེད། 

1558342166970792.png

བོད་བརྒྱུད་ནང་བསྟན་གྱི་མཚན་གནས་མ་ལག་གསར་པ་དེ་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་རིམ་པ་གསུམ་ལས་གྲུབ་ཡོད། དེའི་ནང་དམའ་རིམ་མཚན་གནས་ཀྱི་བོད་ཡིག་གི་མིང་ལ་སྒོམ་ཆེན་པ་ཟེར་བ་དེ་ཤེས་རམས་པའི་བསླབ་གནས་དང་མཚུངས། འབྲིང་རིམ་མཚན་གནས་བོད་ཡིག་གི་མིང་ལ“འབྲིང་རམས་པ”ཟེར་བ་དེ་རམས་འབྱམས་པའི་བསླབ་གནས་དང་མཚུངས། མཐོ་རིམ་མཚན་གནས་ཀྱི་བོད་ཡིག་གི་མིང་ལ“མཐོ་རམས་པ”ཟེར་བ་དེ་འབུམ་རམས་པའི་བསླབ་གནས་དང་མཚུངས་ལ། མིང་ཆ་ཚང་ལ་མཐོ་རིམ་རབ་འབྱམས་པ་ཟེར། མཐོ་ནི་རིམ་པ་མཐོན་པོ་དང་། རབ་འབྱམས་པ་ནི་ཆོས་ཀུན་ལ་མཁྱེན་རྒྱ་ཡངས་པའམ་ཁོངས་དུ་ཆུད་པ་ལ་ཟེར། 

 “མཐོ་རམས་པ་”ནི་ཀྲུང་གོའི་བོད་སྐད་ཡིག་ཚན་ཁག་གི་མཐོ་རིམ་ནང་བསྟན་སློབ་གླིང་གིས་གནང་པ་ཞིག་ཡིན་ཞིང་། གཞན་སུས་ཀྱང་གནང་མི་ཆོག་པ་ཡིན། མཚན་གནས་འདི་ཐོབ་དགོས་ན།

ཐོག་མར་དགོན་པའི་ནང་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་ལོ་15ཡན་བྱེད་དགོས་པ་དང་། སྦྱངས་འབྲས་ཅུང་ཙམ་ཐོབ་ཅིང་། དེའི་ནང་སྡོམ་ཁྲིམས་ལེགས་པོ་འཛིན་པ་དང་། གྲུབ་འབྲས་ཕུལ་བྱུང་ཡིན་ན་ད་གཟོད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་ཞུགས་ཡིག་རྒྱུགས་ནང་ཞུགས་ནས་གདམ་གསེས་བྱེད་དགོས། 

དེ་ནས་སློབ་བསྡུ་བྱས་རྗེས་མཐོ་རིམ་ནང་བསྟན་སློབ་གླིང་དུ་ལོ་2རིང་ཕྱོགས་ཡོངས་ནས་སློབ་སྦྱོང་བྱས་ཏེ་སྲོལ་རྒྱུན་ཆོས་ལུགས་བསྟན་བཅོས་ཀྱི་རིག་པར་སློབ་སྦྱོང་བྱེད་དགོས་ལ་ཚན་རིག་རིག་གནས་དང་། བཅའ་ཁྲིམས། དོ་དམ་སོགས་ཐད་ཀྱི་ཤེས་བྱ་ཡང་སློབ་སྦྱོང་བྱེད་དགོས། 

མཇུག་མཐར་སློབ་མཐར་ཕྱིན་སྐབས་ཁོ་ཚོས་སློབ་སྐར་ཚང་མ་བླངས་ཏེ་རིག་གནས་ཆབ་སྲིད་སློབ་ཚན་གྱི་ཡིག་ཚད་ལོངས་དགོས་པ་མ་ཟད། ད་དུང་ཆོས་རྩོད་དང་། ཆོས་ཁྲིད་ཡིག་ཚད་བཏང་ནས། དཔྱད་རྩོམ་བགྲོ་གླེང་ལ་ཞུགས་དགོས། ཡིག་ཚད་ལོན་མཁན་དག་བསླབ་གནས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་ཐོག་གྲོས་འཆམ་བྱུང་བ་བརྒྱུད་གཞི་ནས་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་མཐོ་ཤོས་དེ་རེག་ཐུབ། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།