ཀྲུང་གོ་བོད་ཀྱི་དྲ་བ།

2019ལོར་མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་བསྡུ་ཚད་མི་ཁྲི100མང་དུ་བཏང་སྟེ་རང་རྒྱལ་གྱི་མཐོ་རིམ་སློབ་གསོ་ཁྱབ་གདལ་ཅན་གྱི་དུས་མཚམས་སུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2019ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གཞིགས་ཏེ། འདི་ལོར་མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་བསྡུ་ཚད་མི་ཁྲི100མང་དུ་གཏོང་རྒྱུ་ཡིན་པ་རེད། ཚེས8ཉིན། སློབ་གསོ་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ལས་འགན་དེ་དུས་བཀག་བཞིན་ལེགས་གྲུབ་ཐུབ་རྒྱུ་རེད་ཅེས་བཤད། མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་ཁྲི100བསྡུ་མང་དུ་གཏོང་བ་ནི་མཐོ་རིམ་སློབ་གསོ་ཁྱབ་གདལ་ཅན་གྱི“འགག་རྩའི་བྱ་ཐབས”སུ་གྱུར་ནས་རང་རྒྱལ་གྱི་མཐོ་རིམ་སློབ་གསོ་ཁྱབ་གདལ་ཅན་གྱི་དུས་མཚམས་སུ་སླེབས་རྒྱུར་ཐད་ཀར་སྐུལ་འདེད་ཐེབས་རྒྱུ་རེད།

སློབ་གསོ་པུའི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་སིའི་སི་ཀྲང་ཝང་ཅི་ཕིང་གིས། 2018ལོར་རང་རྒྱལ་གྱི་མཐོ་སློབ་ཀྱིས་སློབ་མ་ཁྲི790.99བསྡུས་པ་དང་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད48.1%ཟིན་ཡོད། 2019ལོར་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད50%ལྷག་ཟིན་ནས་མཐོ་རིམ་སློབ་གསོ་ཁྱབ་གདལ་ཅན་མངོན་འགྱུར་ཐུབ་ཡོད་ཅེས་བརྗོད།

སློབ་གསོ་པུའི་མཐོ་སློབ་སློབ་མ་སིའི་སི་ཀྲང་ཝང་ཧུའེ་ཡིས། མིག་སྔར་ས་ཁུལ་ཁག་གི2019ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་ལས་ཀ་མཇུག་འགྲིལ་བ་དང་། ད་རེས་སློབ་མ་བསྡུ་འབོར་མང་དུ་བཏང་བའི་སློབ་ཁུངས་ཀྱི་ཚོགས་སྤྱིའི་ཁྲོད་མིང་ཐོ་འགོད་འདོད་ཡོད་པའི་ཚོགས་སྤྱི་ཁག་གཅིག་གིས་དུས་འགོའི་མཐོ་རྒྱུགས་ནང་མིང་ཐོ་བཀོད་མེད་པར་བསམ་བློ་བཏང་སྟེ་ས་ཁུལ་ཁག་གིས་མིང་བཀོད་ཁ་གསབ་ཐེངས་གཉིས་བྱ་རྒྱུ་སྟེ། ཐེངས་དང་པོ་ནི་མཐོ་རྒྱུགས་གོང་ཡིན་པ་དང་། གཙོ་བོ་མཐོ་སློབ་དཀྱུས་མ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ། དམག་ཞབས་ཐིམ་པའི་དམག་མི་དང་ལས་བྲལ་དང་ལས་ཤོར་མི་སྣ། ཞིང་པ་ལས་མི། ཆེད་ལས་ཞིང་པ་གསར་པ་སོགས་ཚོགས་སྤྱིར་ཕྱོགས་རྒྱུ་དང་། ཐེངས་གཉིས་པ་ནི་ཟླ10པར་ཡིན་པ་དང་། གཙོ་བོ་འདི་ལོའི་ཟླ9པ་དང10པར་དམག་ཞབས་ཐིམ་ལ་ཉེ་བའི་དམག་མིར་ཕྱོགས་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

ཡིག་རྒྱུགས་གཏོང་སྟངས་དང་ནང་དོན་སྐོར་ལ། ཝང་ཧུའེ་ཡིས་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མར“རིག་གནས་བྱང་ཚད་དང་ལས་རིགས་རྩལ་ནུས་ཟུང་འབྲེལ”གྱི་རྒྱུགས་ལེན་བྱ་ཐབས་སྤྱོད་ཆོག་པ་དང་། དམག་ཞབས་ཐིམ་པའི་དམག་མི་དང་ལས་བྲལ་དང་ལས་ཤོར་མི་སྣ་དང་། ཞིང་པ་ལས་མི། ཆེད་ལས་ཞིང་པ་གསར་པ་བཅས་ཀྱིས་རིག་གནས་བྱང་ཚད་ཀྱི་རྒྱུགས་གཏོང་མི་དགོས་པར། སློབ་གྲྭ་ཁག་གིས་སློབ་གྲྭའི་གཞི་རྩའི་གསོ་སྦྱོང་གི་བླང་བྱར་གཞིགས་ནས་མིང་ཐོ་བཀོད་པའི་ཆེད་ལས་དང་འབྲེལ་བ་ཡོད་པའི་ལས་རིགས་དང་འཚམ་མིན་གྱི་ཚོད་ལེན་ནམ་ཡང་ན་ཆེད་ལས་རྩལ་ནུས་ཚོད་ལེན་བྱས་ཏེ་སྦྱངས་འབྲས་ལ་གཞིགས་ནས་བསྡུ་རྒྱུ་རེད། རྒྱུགས་གཏོང་མི་དགོས་པའི་ཆ་རྐྱེན་དང་འཚམ་པའི་རྩལ་ནུས་རྩེར་སོན་ཤེས་ལྡན་པས་རྒྱུགས་གཏོང་མི་དགོས་པར་མཐོ་རིམ་ལས་རིགས་སློབ་གྲྭས་བསྡུ་རྒྱུ་རེད་ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།