ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་དང་སྲིད་ཇུས་མ་ལག་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ་རེད།

གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་དམིགས་ཚད་གཙོ་བོའི་སྐོར་ལ་བསམ་འཆར་ནང་བཏོན་དོན། 2022ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་རགས་ཙམ་འཛུགས་ཐུབ་པ་བྱེད་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གནད་ཆེའི་རྒྱུ་རྐྱེན་རང་ཚུགས་འཁོར་རྒྱུག་གི་ལམ་ལུགས་རང་བཞིན་གྱི་བགྲོད་ལམ་རྩ་བའི་ཆ་ནས་ཤར་གཏོང་ཐུབ་པ་དང་། གྲོང་ཁྱེར་དུ་གཞིས་ཆགས་བྱེད་པའི་ཐད་ཀྱི་ཚད་བཀག་རིམ་བཞིན་མེད་པ་བཟོ་བ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་ཁྲོམ་ར་རྩ་བའི་ཆ་ནས་སྐྲུན་ཐུབ་པ། དངུལ་རྩའི་ཞབས་ཞུར་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ནུས་པ་མངོན་གསལ་དོད་པོས་ཇེ་ཆེར་འགྲོ་བ། གྲོང་གསེབ་ཀྱི་ཐོན་སྐྱེད་བྱེད་དབང་སྲུང་སྐྱོང་དང་ཉོ་ཚོང་གི་ལམ་ལུགས་ཀྱི་སྒྲོམ་གཞི་རྩ་བའི་ཆ་ནས་ཆགས་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བ། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བ། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་དང་། གྲོང་ཁྱེར་གྱི་འཁོར་རྒྱ། གྲོང་འདབས་བཅས་ཀྱིས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཐད་དང་ཐོག་ཚད་བརྒལ་ཡོང་བ་བཅས་བྱེད་དགོས།

2035ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་པོ་ཡོང་བ་བྱེད་དགོས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གནད་སྨིན་འཐུས་ཚང་གི་དུས་སྐབས་ཤིག་ཏུ་སླེབས་པར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ཀྱི་ཧེ་བག་དང་གྲོང་མིའི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་འགྲོ་བ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གོ་རིམ་ལྡན་པའི་ངང་འགྲོ་རྒྱུག་བྱེད་མཁན་ཕྱོགས་མི་གནས་སྤོའི་ལམ་ལུགས་རྩ་བའི་ཆ་ནས་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་ཁྲོམ་ར་ཕྱོགས་ཡོངས་ནས་ཆགས་པ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཕན་པ་ཡོངས་ཁྱབ་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་སྐྲུན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་རྩ་བའི་ཆ་ནས་འགྱུར་བ། གྲོང་གསེབ་བཅོས་སྐྱོང་མ་ལག་དེ་བས་འཐུས་སྒོ་ཚང་པོ་ཡོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་རྩ་བའི་ཆ་ནས་འགྱུར་བ་བཅས་བྱེད་དགོས།

དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གནད་སྨིན་འཐུས་ཚང་ཡོང་བ་བྱེད་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཕྱོགས་ཡོངས་ནས་མཉམ་འདྲེས་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས། མི་དམངས་ཡོངས་རྩ་བའི་ཆ་ནས་ཐུན་མོང་ཐོག་ཕྱུག་འགྱུར་བཅས་ཡོང་བ་བྱེད་དགོས།

བསམ་འཆར་ནང་ད་དུང་ཇི་ལྟར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གནད་ཆེའི་རྒྱུ་རྐྱེན་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུར་ཕན་པའི་ལམ་སྲོལ་དང་སྒྲིག་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་ཡོངས་ཁྱབ་མཉམ་སྤྱོད་ལ་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་གྱི་དཔལ་འབྱོར་སྣ་མང་ཅན་འཕེལ་རྒྱས་ལ་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཞིང་པའི་ཡོང་འབབ་མུ་མཐུད་འཕར་འགྲོ་རྒྱུར་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་དེ་བཞིན་རྩ་འཛུགས་ཀྱི་འགན་ལེན་སོགས་ཕྱོགས་ཀྱི་ལས་དོན་ལ་བླང་བྱ་ཞིབ་ཕྲའང་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།