ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་པིན་དབྱང་རྣམ་གཉིས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝུའོ་བར་དུ་ལས་སྐལ་གཅིག་བསྡུས་ཀྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་སྐོར་གྱི་འགུལ་སྐྱོད་འཆར་གཞིའི་སྟེང་མིང་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་རྣམ་གཉིས་ཀྱིས་པེ་ཅིན་ནས་ཀྲུང་གོ་གུང་ཁྲན་ཏང་དང་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝུའོ་བར་དུ་ལས་སྐལ་གཅིག་བསྡུས་ཀྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་སྐོར་གྱི་འགུལ་སྐྱོད་འཆར་གཞིའི་སྟེང་མིང་བཀོད།

འགུལ་སྐྱོད་འཆར་གཞི་ལ་བསྡོམས་པས་ཡིག་འབྲི་སྟོང་ལྔ་ལྷག་ཡོད་ལ། སྤྱིའི་དམིགས་འབེན་ནི་མ་འོངས་པའི་ལོ་ལྔ་ལ་རྒྱང་ལྟ་བྱས་ཏེ། འཐབ་ཇུས་འབྲེལ་འདྲིས་དང་ཡིད་ཆེས། དངོས་གཉེར་མཉམ་ལས་དང་འབྲེལ་མཐུད། ཆབ་སྲིད་བདེ་འཇགས་དང་བརྟན་འཇགས། མི་གཞུང་བརྗེ་རེས་དང་གནས་སྐོར། ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་བཅས་འགུལ་སྐྱོད་ལས་གཞི་ལྔ་ལག་བསྟར་བྱས་ནས་ཀྲུང་གོ་དང་ལའོ་ཝུའོ་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན།

དབྱེ་ཞིབ་མི་སྣས་བཤད་རྒྱུར། འདི་ནི་རང་རྒྱལ་གྱིས་ཐོག་དང་པོར་ཏང་གི་མིང་ཐོག་ནས་མིང་བཀོད་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་བསྡུས་ཀྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་ཕྱོགས་གཉིས་བར་གྱི་མཉམ་ལས་ཡིག་ཆ་ཞིག་ཡིན། འགུལ་སྐྱོད་འཆར་གཞིའི་སྟེང་མིང་བཀོད་པ་ནི་ད་ཐེངས་པིན་དབྱང་གིས་ཀྲུང་གོར་འཚམས་འདྲི་བྱས་ཏེ་གྲུབ་འབྲས་གལ་ཆེན་ཐོབ་པའི་ནང་གི་གཅིག་ཡིན་ལ། ཡིག་ཆ་དེ་ནི་ཀྲུང་གོ་དང་ལའོ་ཝུའོ་འབྲེལ་བའི་དུས་རབས་གསར་བ་གསར་སྐྲུན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པར་མ་ཟད་ས་གནས་དང་རྒྱལ་སྤྱིའི་སྟེང་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་བསྡུས་ཀྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པར་སྣེ་ཁྲིད་དང་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཟེར།

ཀྲུང་དབྱང་འབྲེལ་གཏུག་པུའུ་ཡི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བས་བཤད་རྒྱུར། འདི་ནི་མཛུབ་སྟོན་དོན་སྙིང་ལྡན་པའི་དངོས་གཉེར་ཡིག་ཆ་ཞིག་ཡིན་པས་དེས་ཀྲུང་གོ་དང་ལའོ་ཝུའོ་འབྲེལ་བའི་ཡུན་རིང་འཕེལ་རྒྱས་ལ་མཛུབ་ཁྲིད་དང་བསྲུང་བྱ་འདོན་སྤྲོད་བྱས་ནས། ཀྲུང་གོ་དང་ལའོ་ཝུའོ་འབྲེལ་བར་དུས་རབས་གསར་བ་མཉམ་དུ་གསར་སྐྲུན་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།