ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་རང་རྒྱལ་གྱི་ཞིང་པ་ལས་མིའི་ཟླ་རེའི་ཆ་སྙོམས་ཡོང་འབབ་བརྟན་པོའི་ངང་འཕར་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་པའི《2018ལོའི་ཞིང་པ་ལས་མིའི་ལྟ་ཞིབ་ཚད་ལེན་གྱི་བརྟག་དཔྱད་སྙན་ཞུ》(གཤམ་ལ《སྙན་ཞུ》ཞེས་བསྡུ་རྒྱུ)ལས་མངོན་པར། 2018ལོར་རང་རྒྱལ་ལ་ཞིང་པ་ལས་མི་ཁྱོན་བསྡོམས་དུང་ཕྱུར2.8836ཡོད་པ་དང་ཞིང་པ་ལས་མིའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར3721ཟིན་པ་དེ་ལོ་གོང་མ་ལས6.8%འཕར་ནས་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.4མཐོ་རུ་ཕྱིན་པས་ཞིང་པ་ལས་མིའི་ཟླ་རེའི་ཆ་སྙོམས་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

《སྙན་ཞུ》ལས་མངོན་པར། ན་ནིང་རང་རྒྱལ་གྱི་ཞིང་པ་ལས་མིའི་བསྡོམས་འབོར་ལོ་གོང་མ་ལས་མི་ཁྲི184འཕར་ནས་འཕར་ཚད0.6%ཟིན་ཡོད། ཞིང་པ་ལས་མི་མང་དུ་འགྲོ་ཚད་ལོ་གོང་མ་ལས་མི་ཁྲི297ཉུང་དུ་ཕྱིན་ནས་བསྡོམས་འབོར་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.1མངོན་གསལ་དོད་པོས་ཆག་ཡོད། ཞིང་པ་ལས་མིའི་བསྡོམས་འབོར་ཁྲོད་ཤང་དུ་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་པའི་ཡུལ་དེ་གའི་ཞིང་པ་ལས་མི་ཁྲི11570ཟིན་པ་དེ་ལོ་གོང་མ་ལས0.9%འཕར་ཡོད། ཕྱིར་སྐྱོད་མཁན་ཞིང་པ་ལས་མིའི་ཁྲོད་དུ་གྲོང་ཁྱེར་དུ་སྐྱོད་མཁན་ཞིང་པ་ལས་མི་ཁྲི13506ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི204ཉུང་དུ་ཕྱིན་ནས1.5%ཆག་ཡོད་པ་རེད།

ལས་རིགས་དབྱེ་ནས་བལྟས་ཚེ། ཐོན་ལས་གསུམ་པར་ལས་ཞུགས་ཐུབ་པའི་ཞིང་པ་ལས་མིའི་བསྡུར་ཚད་ཕྱེད་ཀ་ལྷག་ཙམ་ཟིན་ཡོད། ཐོན་ལས་གསུམ་པར་ལས་ཀ་བྱེད་མཁན་གྱི་ཞིང་པ་ལས་མིའི་བསྡུར་ཚད50.5%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས2.5མཐོ་རུ་ཕྱིན་ཞིང་། གཅིག་ནི་སྲོལ་རྒྱུན་གྱི་ཞབས་ཞུའི་ལས་རིགས་སུ་ལས་ཀ་བྱེད་མཁན་གྱི་ཞིང་པ་ལས་མི་མུ་མཐུད་མང་དུ་ཕྱིན་ཡོད། ཞག་སྡོད་དང་བཟའ་བཏུང་ལས་རིགས་སུ་ལས་ཀ་བྱེད་མཁན་ཞིང་པ་ལས་མིའི་བསྡུར་ཚད6.7%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.5མཐོ་རུ་ཕྱིན་པ་དང་། གྲོང་མིའི་ཞབས་ཞུ་དང་། ཉམས་བཟོ། ཞབས་ཞུའི་ལས་རིགས་གཞན་དག་བཅས་སུ་ལས་ཀ་བྱེད་མཁན་གྱི་ཞིང་པ་ལས་མིའི་བསྡུར་ཚད12.2%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.9མཐོ་རུ་ཕྱིན་ཡོད། གཉིས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་སྐབས་སྤྱི་ཕན་ལས་གནས་འབོར་ཆེན་བཏོད་ཅིང་། སྤྱི་པའི་དོ་དམ་དང་། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ལས་རིགས་སུ་ལས་ཀ་བྱེད་མཁན་གྱི་ཞིང་པ་ལས་མིའི་བསྡུར་ཚད3.5%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.8མཐོ་རུ་ཕྱིན་ཡོད། ཐོན་ལས་གཉིས་པར་ལས་ཀ་བྱེད་མཁན་གྱི་ཞིང་པ་ལས་མིའི་བསྡུར་ཚད49.1%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས2.4ཆག་ཡོད་པ་རེད།

ཡོང་འབབ་ཆ་ནས་བལྟས་ཚེ། བཟོ་སྐྲུན་ལས་རིགས་དང་། ཨར་སྐྲུན་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་མཛོད་ཉར་དང་སྦྲག་སྲིད་ལས་རིགས་བཅས་ཀྱི་ཡོང་འབབ་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.9དང་། 1.1 0.1བཅས་སོ་སོར་མཐོ་རུ་ཕྱིན་པ་དང་། གྲོང་མིའི་ཞབས་ཞུ་དང་། ཉམས་བཟོ། ཞབས་ཞུའི་ལས་རིགས་གཞན་དག་བཅས་ཀྱི་ཡོང་འབབ་འཕར་ཚད་ལོ་གོང་མ་དང་སྙོམས་པ། སྡེབ་འཚོང་དང་སིལ་འཚོང་ལས་རིགས་དང་། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་ཡོང་འབབ་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.4དང0.8སོ་སོར་ཆག་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།