​《དམག་ཞབས་ཐིམ་པའི་དམག་མི་ཁག་གཅིག་གི་སྤྱི་ཚོགས་འགན་བཅོལ་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐོར་གྱི་བསམ་འཆར》བཀྲམ་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དམག་ཞབས་ཐིམ་པའི་དམག་མི་ཁག་གཅིག་གི་སྤྱི་ཚོགས་འགན་བཅོལ་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བསམ་འཆར་ནང་རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་ལེགས་སྐྱེས་ཕུལ་མྱོང་ཡོད། ཏང་དང་སྲིད་གཞུང་གི་མཐོང་ཆེན་དང་ཐུགས་ཁུར་འོག་སྤྱིའི་ཆ་ནས་བཀོད་སྒྲིག་ཚགས་ཚུད་པོ་བྱུང་ཡོད་ལ་སྤྱི་ཚོགས་ཀྱི་གུས་བཀུར་དང་དམིགས་བསལ་གཟིགས་སྐྱོང་ཡང་ཐོབ་མོད། འོན་ཀྱང་དམག་ཞབས་ཐིམ་པའི་དམག་མི་ཁག་གཅིག་གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་དུས་ཐོག་ཏུ་ཞུགས་ཐུབ་མེད་པའམ་ཡང་ན་འགན་བཅོལ་ནང་ཞུགས་རྗེས་ཁེ་ལས་གཉེར་སྐྱོང་ལ་དཀའ་ངལ་འཕྲད་པ་དང་ལས་ཀ་ཤོར་བ་སོགས་ཀྱིས་རྐྱེན་པས་གྲོན་དངུལ་འཇལ་མཚམས་ཆད་པར་བརྟེན་རྒན་གསོ་དང་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་པར་དཀའ་ངལ་ཆེན་པོ་འཕྲད་ཡོད་ཅེས་བསྟན་ཡོད།

བསམ་འཆར་ནང་ད་ཡོད་ལམ་ལུགས་ཀྱི་སྒྲོམ་གཞིའི་ཐོག་འགལ་ཟླ་གཙོ་བོར་དམ་འཛིན་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལམ་ལུགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། སྲིད་ཇུས་ཀྱི་བྱ་ཐབས་གསར་གཏོད་བྱེད་པ་བཅས་བྱས་ཏེ་རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། དམག་མི་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། དམག་མིར་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཁྲིམས་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་དགོས་པ་དང་། དེ་བཞིན་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་རྒྱུན་མཐུད་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་རྒན་ཡོལ་ཞུས་རྗེས་ཁོང་ཚོར་འབྲེལ་ཡོད་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་སྲིད་ཇུས་ཏན་ཏིག་ངང་ཚོར་བ། སྤྱི་ཚོགས་ཀྱི་གུས་བཀུར་ཐོབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བསམ་འཆར་ནང་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པའི་ཞིབ་ཕྲའི་བླང་བྱ་ཡང་བཏོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།