ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཆིན་ཧྭ་སློབ་ཆེན་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཚན་འཛིན་འབུམ་རམས་པའི་ཐོབ་ཐང་གནང་བའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་མཛའ་འབྲེལ་མགྲོན་ཁང་དུ་ཆིན་ཧྭ་སློབ་ཆེན་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཚན་འཛིན་འབུམ་རམས་པའི་ཐོབ་ཐང་གནང་བའི་མཛད་སྒོར་ཞུགས།

ཆིན་ཧྭ་སློབ་ཆེན་གྱི་འགན་འཁུར་བས་གཟེངས་བསྟོད་ཤིས་ཚིག་དང་འབུམ་རམས་པའི་ཐོབ་ཐང་གནང་བའི་གྲོས་ཆོད་སྒྲོག་འདོན་བྱས་པར་མ་ཟད་ཕུའུ་ཅིན་ལ་མཚན་འཛིན་འབུམ་རམས་པའི་ཐོབ་ཐང་དཔང་ཡིག་གནང་།

ཕུའུ་ཅིན་གྱིས་བཤད་རྒྱུར། ཆིན་ཧྭ་སློབ་ཆེན་ནི་འཛམ་གླིང་ན་མིང་གྲགས་ཆེ་བའི་སློབ་ཆེན་ཞིག་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མ་ཡུམ་སློབ་གྲྭ་ཡང་ཡིན་པ་དང་ཕུལ་བྱུང་ཤེས་ལྡན་མི་སྣ་མང་པོ་སྐྱེད་སྲིང་བྱས། དེ་རིང་བདག་གི་གྲོགས་པོ་བཟང་བོ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དཔང་བོ་བྱས་འོག ཆིན་ཧྭ་སློབ་ཆེན་གྱིས་བདག་ལ་མཚན་འཛིན་འབུམ་རམས་པའི་ཐོབ་ཐང་གནང་བར་མ་ཟད་མཛད་སྒོ་རྒྱ་ཆེན་པོ་བསྡུས་པར་ང་རང་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད། བདག་གིས་ལྷག་བསམ་རྣམ་དག་སྒོས་ཆིན་ཧྭ་སློབ་ཆེན་གྱིས་མུ་མཐུད་དུ་གྲུབ་འབྲས་ཆེན་པོ་ལེན་པར་སྨོན་འདུན་ཞུ་བ་དང་། སློབ་མ་རྣམས་ཀྱིས་སློབ་སྦྱོང་བཟང་བོ་བྱས་ཏེ་ཉིན་རེར་ཡར་ཐོན་ཡོང་བར་བྱེད་པ་དང་། ཨུ་རུ་སི་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་བྱས་ནས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་ཐད་ལ་མཛེས་པའི་མ་འོངས་པ་ཞིག་མཉམ་སྐྲུན་འབྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཆིན་ཧྭ་སློབ་ཆེན་གྱིས་ཙུང་ཐུང་ཕུའུ་ཅིན་ལ་འབུམ་རམས་པའི་ཐོབ་ཐང་གནང་བར་བདག་གིས་ལྷག་བསམ་རྣམ་དག་སྒོས་རྟེན་འབྲེལ་ཞུ་བ་ཡིན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན། ཀྲུང་གོ་དང་ཨུ་རུ་སིའི་ན་གཞོན་སློབ་མ་རྣམས་ཀྱི་ཕྲག་ཏུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་བབས་ཡོད། སློབ་མ་རྣམས་ཀྱིས་མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་རང་རང་གི་འཕེལ་རྒྱས་དང་དར་རྒྱས་ཐད་ལ་བློ་གྲོས་དང་སྟོབས་ཤུགས་འདོན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།