ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པས་སྒོར་ཅོག་མཐོ་རིམ་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190428100334Gymi.jpg

ཟླ4བའི་ཚེས27ཉིན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པས་པེ་ཅིན་ཡན་ཞི་མཚོའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་སྒོར་ཅོག་མཐོ་རིམ་གྲོས་ཚོགས་བསྡུས་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས27ཉིན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པས་པེ་ཅིན་ཡན་ཞི་མཚོའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་སྒོར་ཅོག་མཐོ་རིམ་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བཞི་བཅུ་ལྷག་གི་འགོ་ཁྲིད་པ་སྒོར་ཅོག་མཐོ་རིམ་གྲོས་ཚོགས་ལ་ཞུགས། ཁོ་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ནས་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ་དང་སྲིད་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ། དེ་མིན་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་བཏོན་པར་མ་ཟད་མཉམ་འབྲེལ་སྤྱི་སྒྲོག་ལ་གྲོས་འཆམ་བྱུང་།

ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་ཧན་ཀྲིན་གྲོས་ཚོགས་ལ་ཞུགས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་འཕྲོ་རིམ་འཕྲོར་ཚོགས་རར་ཐོན་པ་དང་། ཞི་ཅིན་ཕིང་གིས་ཁོ་ཚོར་ཕྱག་འཇུ་གནང་ཞོར་དུ་འཚམས་འདྲི་ཞུས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕིང་གིས་སྒོར་ཅོག་མཐོ་རིམ་གྲོས་ཚོགས་འགོ་བརྩམས་པ་ཁྱབ་སྒྲོག་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་དང་པོ་ཚོགས་ནས་ལོ་གཉིས་ཀྱི་རིང་ལ། ང་ཚོས་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་འབྲེལ་འདྲིས་དང་སྒྲིག་ཆས་འབྲེལ་མཐུད། ཉོ་ཚོང་འཁོར་རྒྱུག དངུལ་རྩ་མཉམ་བསྲེས། དམངས་སེམས་གཅིག་མཐུན་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་སྒུལ་ཤུགས་གསར་བ་བསྣན་པ་དང་འཛམ་གླིང་འཕེལ་རྒྱས་ཐད་ལ་བར་སྟོང་གསར་བ་གསར་སྐྲུན་བྱས། ང་ཚོས་ཡང་བསྐྱར་མཐོ་རིམ་གླེང་སྟེགས་ཚོགས་འདུ་བསྡུ་དོན་ནི་ཕྱོགས་སོ་སོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བཟང་བོ་བྱས་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་ཟེར།

ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་དེ་མིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་ནི་དེང་སྐབས་འཛམ་གླིང་སྟེང་དུ་ཆེས་རླབས་ཆེ་བའི་དཔལ་འབྱོར་མཉམ་ལས་ཀྱི་གྲོས་འགོ་བཏོན་པའི་ནང་གི་གཅིག་ཡིན་ལ། དེ་རྒྱལ་ཁབ་བར་དང་ས་གནས་བར་གྱི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པ་དང་། ཉོ་ཚོང་དང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་ཅིང་། འབྲེལ་ཡོད་ས་གནས་མི་དམངས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བར་ཕན་པ་ཡོད་ཅེས་གཟེངས་བསྟོད་བྱས། ཚོགས་འདུར་ཞུགས་པའི་འགོ་ཁྲིད་པས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ནས་ལོ་ལྔ་ལྷག་གི་རིང་ལ་བླངས་པའི་གྲུབ་འབྲས་དང་དེ་མིན་རྒྱལ་ཁབ་སོ་སོར་ཁེ་ཕན་ངོ་མ་བསྐྲུན་པ་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་ཐད་བྱས་རྗེས་ཆེན་པོ་བཞག་པར་གདེང་འཇོག་ཆེན་པོ་གནང་།

ཕྱི་དྲོའི་དུས་བཞི་དང་སྐར་མ་ཞེ་ལྔའི་སྟེང་གྲོས་ཚོགས་མཇུག་བསྡུ་བའི་དུས་རིམ་ལ་སླེབས་པ་དང་། ཕྱོགས་སོ་སོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ནས་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཞེས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གྲོས་ཚོགས་སྐབས་གཉིས་པའི་སྒོར་ཅོག་གྲོས་ཚོགས་ཀྱི་མཉམ་འབྲེལ་སྤྱི་སྒྲོག་ལ་གྲོས་འཆམ་བྱུང་།

དེའི་རྗེས་སུ་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་བྱས་ཏེ། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་སྒོར་ཅོག་ཚོགས་འདུའི་གནས་ཚུལ་དང་གྲུབ་འབྲས་གཙོ་བོ་མཚམས་སྦྱོར་མཛད། ཞི་ཅིན་ཕིང་གིས་གསུངས་རྒྱུར། ཚོགས་འདུར་ཞུགས་པའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་སྐབས་འདིའི་མཐོ་རིམ་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་དང་གྲོས་གཞི་གཙོ་བོར་དམིགས་ཏེ་གྲོས་བསྡུར་ནན་མོ་བྱས་ནས། མཉམ་ལས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ཞིང་མཉམ་ལས་ཀྱི་གནད་ས་གཏན་འཁེལ་གསལ་བོ་བྱས་པ་དང་། མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་བཏང་བར་མ་ཟད། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཏོན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སྐབས་འདིའི་གླེང་སྟེགས་ཀྱིས་ཕྱི་ཕྱོགས་ལ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོགས་པོ་སྔར་ལས་ཇེ་མང་དང་མཉམ་ལས་ཀྱི་སྤུས་ཚད་སྔར་ལས་ཇེ་མཐོར་འགྲོ་བ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་ཇེ་བཟང་དུ་འགྲོ་བའི་བརྡ་འཕྲིན་གསལ་བོ་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་སྐབས་འདིའི་མཐོ་རིམ་གླེང་སྟེགས་ཀྱི་ཐུན་མོང་གི་ལྟ་ཚུལ་སྣ་ཚོགས་དངོས་འབེབ་བཟང་བོ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བར་མ་ཟད་མཛེས་པའི་མ་འོངས་པ་སྔར་ལས་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཏེན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཧུའུ་ཁྲུན་ཧྭ། ཚེ་ཆི། ཝང་དབྱི། ཀྲའོ་ཁི་ཀྲི། ཧི་ལིས་ཧྥིན་སོགས་གོང་གི་འབྲེལ་ཡོད་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།