ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཏོའུ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་སོ་སོར་འབར་མའི་རྒྱལ་སྲིད་ཙི་ཀྲིན་ཨང་ཧྲན་སུའུ་ཅི་དང་། ཧང་ག་རིའི་ཙུང་ལི་ཨོའུ་ཨར་པན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞེ་ཧྥུའུ་ཆོ་ཝེ་ཆི་བཅས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏོའུ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་སོ་སོར་འབར་མའི་རྒྱལ་སྲིད་ཙི་ཀྲིན་ཨང་ཧྲན་སུའུ་ཅི་དང་།  ཧང་ག་རིའི་ཙུང་ལི་ཨོའུ་ཨར་པན།    ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞེ་ཧྥུའུ་ཆོ་ཝེ་ཆི་བཅས་ལ་མཇལ་འཕྲད་གནང་།

ཨང་ཧྲན་སུའུ་ཅི་ལ་མཇལ་འཕྲད་གནང་སྐབས།  ལིས་ཁི་ཆང་གིས་བསྟན་དོན།   ཀྲུང་གོ་དང་འབར་མ་གཉིས་ཀྱི་རི་ཆུ་འབྲེལ་ནས་ཡོད་པ་དང་།   རྒྱལ་ཁབ་གཉིས་ཀྱི་སྤུན་ཟླའི་མཛའ་བརྩེ་ཧ་ཅང་ཟབ།  ཁ་སང་།   ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྱེད་གཉིས་ཀྱིས་ཕན་ཚུན་ལ་བརྩེ་བའི་མཇལ་འཕྲད་གནང་།   ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་།  འབར་མའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།   འབར་མའི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་ཚད་རྒྱ་བསྐྱེད་པ་བཅས་བྱས་ཏེ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་ཀྲུང་གོ་དང་འབར་མའི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨོའུ་ཨར་པན་ལ་མཇལ་འཕྲད་གནང་སྐབས།   ལིས་ཁི་ཆང་གི་བསྟན་དོན།   མིག་སྔར།  ཀྲུང་གོ་དང་ཧང་ག་རའི་འབྲེལ་བ་བརྟན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་།  མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ།   ལས་རྣམ་གསར་པ་དང་དཔལ་འབྱོར་ཁྱབ་ཁོངས་གསར་པའི་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་།  ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་བཟང་བོ་ལེན་པར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞེ་ཧྥུའུ་ཆོ་ཝེ་ཆི་ལ་མཇལ་འཕྲད་གནང་སྐབས།   ལིས་ཁི་ཆང་གིས་བསྟན་དོན།  ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ལྡན།  ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་ཉེར་གཅིག་པའི་སྟེང་ནང་དོན་ཕུན་སུམ་ཚོགས་པའི་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས་ཕྱི་ཕྱོགས་ལ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་གཙོ་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པའི་བརྡ་གསལ་བོ་བསྟན།  ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་དང་མཉམ་དུ་གྲོས་མོལ་གྱི་ཐུན་མོང་འདུ་ཤེས་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་།  ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་གཏོང་ཆོད་དོན་དང་ས་ཁམས་མཚོན་རྟགས་ཀྱི་གྲོས་མོལ་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ།  མཁའ་འགྲུལ་བདེ་འཇགས་ཆོད་དོན་ལ་སྔ་མོ་ནས་མིང་རྟགས་བཀོད་དེ་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་མཉམ་དུ་རྒྱ་བསྐྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་སོ་སོར་རྒྱལ་སྲིད་ཙི་ཀྲིན་ཨང་ཧྲན་སུའུ་ཅི་དང་ཙུང་ལི་ཨོའུ་ཨར་པན།   ཙུང་ལི་མཱ་ཧ་ཏི་ཨར་བཅས་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དབང་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།