ཀྲུང་གོ་བོད་ཀྱི་དྲ་བ།

2018ལོར་ཞིང་ལས་ཐོན་རྫས་དྲ་རྒྱའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར3000ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2018ལོར་རང་རྒྱལ་གྱི་གྲོང་གསེབ་ཀྱི་ཐོན་ལས་རྣམ་པ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ་ཁྱད་ལྡན་སྤུས་རྟགས་ཁྲི་10ལྷག་ཙམ་བཏོད་པ་དང་ཞིང་ལས་ཐོན་རྫས་དྲ་རྒྱའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་3000ཟིན་ཡོད་པ་རེད།

ཚེས་21ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཅུ་པར་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་སྙན་སྒྲོན་གནང་ནས་གོང་གསལ་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

ཧན་ཁྲང་ཧྥུའུ་ཡིས་སྙན་སྒྲོན་གནང་སྐབས་ཉེ་བའི་ལོ་ཤས་རིང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་སྤྱིའི་དམིགས་ཚད་དུ་བྱེད་པ་དང་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བྱས་ཐོག་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། མིག་སྔར་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཡག་པོ་ཡོད། དེང་རབས་ཞིང་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། གྲོང་གསེབ་ཀྱི་ཐོན་ལས་རྣམ་པ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་ཕྱིན་པ། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་ཐུབ་ནས་རིམ་བཞིན་འཕེལ་ཕྱོགས་ལེགས་སུ་ཕྱིན་པ། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་རིམ་བཞིན་བཙུགས་པ། གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཉིན་བཞིན་འཁྲུག་ཆ་དོད་དུ་འགྲོ་བ། ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་ཅེས་བརྗོད་པ་རེད།

སྙན་སྒྲོན་ནང་མངོན་པར། 2018ལོར་འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་13158ཟིན་ནས་ལོ་7བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.2ཡན་རྒྱུན་འཁྱོངས་ཐུབ་པ་དང་། སྲིང་བལ་དང་། སྣུམ། ཀ་ར་བཅས་དང་། ཤིང་ཏོག་དང་། སྔོ་ཚལ། ཉ་བཅས། ཤ་དང་། སྒོ་ང་། འོ་མ་སོགས་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འདང་ངེས་ཡོད་པ། གཞི་ཁྱོན་ཡན་གྱི་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ཁྲི་7.9ཡོད་པ་དང་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་14.9ཟིན་པ། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་ཕྱིན་ནས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་30ལ་སྣེ་ལེན་ཞུས་པ་དང་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་8000ལྷག་ཙམ་ཟིན་ཡོད་པ་རེད།

གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་ཐད་སྙན་སྒྲོན་ནང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་པོ་མེད་པ་དང་། ཐོན་རྫས་ཀྱི་མཁོ་སྤྲོད་སྔར་བཞིན་བྲིན་བདེའི་རྒྱུན་ཟོག་གཙོ་བོར་བྱེད་པ་དང་སྤུས་ལེགས་དང་ལྗང་མདོག་གི་ཞིང་ལས་ཐོན་རྫས་ཀྱི་བཟུང་ཚད་དམའ་ཙམ་ཡོད་པ། སྤྲོ་གསེང་ཡུལ་སྐོར་ཐད་ངོ་བོ་གཅིག་མཚུངས་རང་བཞིན་གྱི་སྣང་ཚུལ་རྒྱ་ཁྱབ་ངང་ལྡན་ཡོད། དེ་དང་ཆབས་ཅིག་ཐོན་ལས་ཀྱི་གྲུབ་ཆ་གཙོ་བོའི་གསོན་ཤུགས་མི་འདང་བ་དང་། ཐོན་ལས་འཁོར་འབྲེལ་སྔར་བཞིན་ཐུང་བ། ཞིང་ལས་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད་65%ལས་ཟིན་གྱི་མེད་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ལས་བརྒྱ་ཆའི་གྲངས་20དམའ་བ་ཡོད་པ། ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བཞིན་ཞན་ཙམ་ཡོད་པ་བཅས་བཏོན་ཡོད།

སྙན་སྒྲོན་ནང་སྲིད་ཇུས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཐོན་ལས་བར་མཐོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། དེང་རབས་ཀྱི་གསོ་ཚགས་ལས་རིགས་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་བ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གཉེར་སྐྱོང་བྱེད་པོ་གསར་པ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ཐོན་ལས་གླིང་ཤུགས་ཆེན་གཏོད་པ། སྤུས་ཚད་ཞིང་དར་དང་ལྗང་མདོག་ཞིང་དར་ཡོང་བ་བྱེད་པ། གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ལུགས་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།